R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༤
[A:༥༧༤]དགོས་ཚུལ་བྱུང་ཀྱང༌། ཟླ་བོ་གཉིས་ནས་ད་ཆ་དེ་ཙམ་རང་དགའ་བས་དགོངས་པ་ཞུ་དགོས་ཚུལ་ལྟར་གཞུང་སར་ཞུ་ཡིག་ཕུལ་བས། སྡེ་པ་ལུམ་པ་ནས་ཀྱིས་ཀྱང་རེ་ཞིག་འཁུར་ལེན་དགོས་ཚུལ་ཕྱག་བྲིས་ནན་ཆགས་གནང་བྱུང་ཀྱང༌། ཡང་བསྐྱར་འུ་ཐུག་གི་ཞུ་ཡིག་ཕུལ་བས་དགོངས་པ་ཁྲོལ། གྲྭ་དམངས་རྣམས་ལའང་དེ་ཀའི་རྒྱུ་མཚན་ཕུལ་བས་ཐུགས་གཟུར་གནས་རྣམས་ནི་ཤིན་ཏུ་གནང་འདུག །ཚོགས་སུའང་སྤྱི་དང་ཁྱད་པར་ཚར་ཆེན་ཡབ་སྲས་ཀྱི་བསྟན་པ་ལ་ཐུགས་ཁུར་ཆེ་བཞེས་དགོས་པའི་ཚོགས་གཏམ་རྒྱས་པར་ཕུལ། བློའང་ཤིན་ཏུ་འཁོལ་བར་བྱུང༌། བློ་གསལ་ཡང་སླེབས་པས་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱི་སྐུ་དྲིན་བསབ་ཕྱིར་ཟླ་བ་བྱུང་ངོ་ཅོག་གི་གནམ་གང་ལ་མང་ཇ་ཆད་མེད་དང༌། བརྒྱ་མཆོད་ཀྱི་ཐེབས་ནས་སྤུངས་འཕྱར་མ་ལྕགས་འབོ་ཆེན་མོའི་བརྒྱ་དང་བརྒྱད། བླ་མ་ལྷ་ཁང་དུ་བླ་མཆོད་ཀྱི་ཐེབས་བཅས་སྦྱར། རིམ་གྲོ་ཇ་ཐུག་བརྒྱད་ཙམ་ཞུས། སྤྱི་སོ་ནས་དྲིན་གཟོར་སྟོན་པ། འཇམ་དབྱངས། རྡོར་སེམས་བཅས་ཀྱི་གསེར་སྐུ་ཆེ་ལེགས་གསུམ། རྒྱ་སྦུགས་ཆེ་ལེགས་སྐྱོན་མེད། ཀརྨ་གན་དྲིལ་སྐྱོན་མེད་ཆ་འགྲིགས་ཤུབ་བཅས། ཁྲབ་རྨོག་ཆ་ཚང༌། བྱེ་ལྟང༌། སྣམ་རས་སོགས་བྱུང༌། མང་ཇའི་ཐོག་ལྟང་རྩེ་མ་གཏོགས་ཆ་ཚང་ཚོགས་གཤམ་དུ་ཕུལ། དེའི་སྟེང་དུ་དྲིལ་རས་གཏོས་ཆེ་བ། བསྔོ་རྟེན་གྱི་གྲི། གའུ། དཀར་ཡོལ། སྐུ་འདྲ་སོགས་མང་བ་འགྱེད་དུ་ཕུལ། དེ་ནས་ཐོན་གདོང་གྲྭ་དམངས་ཐམས་ཅད་ཐུགས་འཕྲེང་བའི་སྤྱན་ཆབ་གཡོ་བ་དང་བཅས་སྐྱེལ་བར་ཕེབ། དབོན་རིན་པོ་ཆེ་བླ་གཡེལ་མཐིལ་ན་བྱིས་པ་ཆུང་ངུ་