[A:༥༧༥]ལྟར་བཤུམ་གྱིན་སྐྱེལ་བར་ཕེབ་བྱུང༌། ངེད་རང་ཀྱང་འཛིན་བདག་བགྱིས་པའི་དགོན་པ་ཐམས་ཅད་ཀྱི་ནང་ནས་འདི་རང་ལ་ཡིད་འགྲོ་བ་ཡོད་པས་འོང་གདོང་སེམས་ཤིན་ཏུ་འཕྲེང་བར་བྱུང༌། གཉེར་པ་སོགས་ཆིབས་སྐྱེལ་བ་ཡང་མང་བར་ཡོད། བཀྲ་ཤིས་ཟམ་པའི་ཐད་དུ་ཕེབ་པའི་གྲ་པ་རྣམས་ཀྱི་ཁ་བཏགས་ཀྱི་གཡབ་མོ་གནང་བར་རྟ་ཁ་བསྒྱུར་ཐེངས་གསུམ་བྱས། ཚུར་ལམ་བཀྲ་ཤིས་མཐོང་སྨོན་དུ་དཀར་སྤྲོ་ཞབས་ཏོག་རྒྱས་པར་འདུག །དབོན་དྲུང་སོགས་དེ་ནས་ཕྱིར་ཕེབ། བཀྲ་ཤིས་མཐོང་སྨོན་གྱི་ཆོས་མཛད་དཔོན་གཡོག་དེ་ནུབ་སྒེར་པར་ཕེབ། ཞལ་ངོ་རྣམས་ལ་འཆི་མེད་དཔལ་སྟེར་གྱི་ཚེ་དབང་ཕུལ། དེ་ནས་རིམ་གྱིས་རང་གནས་སུ་འབྱོར། འདི་ལོ་དུས་སྟབས་ནས་སེམས་མ་བདེ་བ་མ་གཏོགས་ཁ་ཏོན་འཕེལ་བ་བྱུང༌། སྟོན་ཟུར་ཁང་སྡེ་པ་རྡོ་རྗེ་རྣམ་རྒྱལ་ལ་མཁའ་སྤྱོད་མའི་བྱིན་རླབས་སྔོན་དུ་འགྲོ་བའི་ཉམས་ཁྲིད་ཞལ་ཤེས་གསུམ་གྱིས་བརྒྱན་པ། ཆོས་ཉིད་དངོས་སྟོན་གྱི་བྱིན་རླབས། རྩ་དབུ་མ་ཆེ་བའི་ཁྲིད་བཅས་ཕུལ། དེ་ནས་སྡེ་པ་ཀུན་དགའ་དཔལ་འབྱོར་ལའང་བྱིན་རླབས་ཤར་ཁྲིད་རྒྱས་པར་ཕུལ། འདི་ལོ་སྟོན་མཇུག་ངེད་རང་རོགས་བཅས་གྲོས་བྱས་པས་ཚོགས་གསོག་སྒྲིབ་སྦྱོང་བཅས་ར་བ་སྨད་པ། གཞི་བ། གསང་སྔགས་གླིང་པ། རབ་བརྟན་གྱི་བཙུན་མ། རྨོར་པ་བཅས་ཁྱོན་ཉིས་བརྒྱར་ཉེ་བར་དགོངས་རྫོགས་བྱས་པའི་སང་ཉིན་འཁྱོངས། ཕེབ་གདོང་མང་ཇ་བཞེས་ཐུག་གཉིས་བཅས་དང༌། དངོས་གཞིའི་ཉིན་ཚར་དུས་གཉིས་སྐུ་ཡོན་ཟབ་རྒྱས་བཅས་ཞུས་པ་འདི་ནས་ལོ་བསྟར་མ་ཆད་པར་ཞུས། ལོ་སྔོན་མ་ར་བ་སྨད། ཆོས་