[A:༥༧༦]འཁོར་གནས། གྲྭ་ཕྱི་ཚོགས། བྱམས་གླིང་སྒྲུབ་སྡེ་རྣམས་སུའང་ས་བསྟན་གྱི་རིམ་གྲོར་མང་ཇ་གཉིས་རེ། བསྔོ་རྟེན་བཅས་ཞུས། འདི་ལོ་སྔ་རྟིང་ཚོར་རྩ་ཚིག་དགེ་ལུགས་མ་གཏོགས་གྲུབ་མཐའ་གཞན་ཐམས་ཅད་ལ་མང་འགྱེད་ལྟ་ཅི། ཞབས་ཏོག་གི་རིགས་ཆེ་ཕྲ་གང་ཡང་བྱེད་པ་མེད་པ་དང༌། རྙིང་མ་མིང་བསྒྲགས་ས་མེད་པ་སོགས་ཡིད་ཤིན་ཏུ་ཕམ་པར་བྱུང༌། ངེད་རང་ཁྲི་མོན་ནས་གེགས་མེད་དུ་ཐོན་པས་ས་ལུགས་གཞན་མ་ལའང་ཅུང་ཞིག་ཕན་པར་བྱུང་སྟེ། སྡིག་ཅན་ཚོའི་ལག་ཏུ་ཚུད་ཕྱིན་ཐར་པ་བླ་མ་བདག་ཙམ་དུ་ཟད་དོ། །སྨྲས་པ། ཡོངས་གདུག་པ་འདབ་ཆགས་ཤྭ་ནའི་ལོ། །ཁོ་དགའ་རབ་དབང་ཕྱུག་སྟོབས་རྒྱས་པས། །རྟེན་ཁྱད་འཕགས་རྣམས་ལ་བཟང་བཙོན་བཅོལ། །སྐྱབས་གུ་རུའི་ཚོགས་ལ་གཡུལ་ལས་བྱས། །མི་ཆེ་ཆེ་ཐམས་ཅད་ཏིལ་བཞིན་འཚིར། །དགོན་མང་པོ་མིང་གི་ལྷག་མར་བཏང༌། །ཁོང་དུད་འགྲོའང་ཡིད་འབྱུང་མཆི་མ་དཀུ། །སེམས་མེད་ཀྱི་བེམས་པོ་རྣམས་ཀྱང་འགུལ། །ཁོ་ལོག་སྨོན་གྱི་ལས་ཤུགས་བཙན་པ་དང༌། །བསྟན་སྤྱི་སྒེར་གྱི་བྱུར་ཆག་ལངས་པའི་སྟབས། །ལར་བདེ་བའི་གནས་སྐབས་མ་མཆིས་ཀྱང༌། །རང་སྐལ་གྱི་བསོད་ནམས་མི་དམན་པ། །དགྲ་འཆི་བདག་ཁ་ནས་དེའུ་ཐར། །ལར་དེ་འདྲའི་གནས་སྐབས་བསམ་ཙ་ན། །སྡང་དགྲ་བོ་ཡང་མིག་ནས་མཆི་མ་འཆོར། །སྐྱབས་དཀོན་མཆོག་གསུམ་གྱི་བཀའ་དྲིན་ལས། །དུས་ད་ལྟ་སྐྱིད་པའི་ཉི་མ་ཤར། །ཕ་གཅིག་ཆོག་རྒྱལ་པོ་ཚར་པ་རྗེ། །ཁྱེད་བསམ་ཞིང་སྙིང་ནས་གསོལ་འདེབས་ཀྱི། །དུས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ཐུགས་བརྩེ་བའི་ལྕགས་ཀྱུས་གཟུང་དུ་གསོལ། །དེ་དག་གི་སྔ་ཕྱི་ཐམས་ཅད་དུ་གཞུང་གི་ཆེ་གཉན་