R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༧༧
[A:༥༧༧]ཐམས་ཅད་ངེད་རང་ལ་དད་མོས་གནང་བའི་སྟབས་ཀྱིས་ས་དགོན་ཐམས་ཅད་ལ་ཕན་གང་ཐོགས་བྱེད་ཁུལ་བྱས། ཆོས་འཁོར་གནས་རབ་འབྱམས་པ་ཡར་འཕེལ་སོགས་མི་བཅུ་གཅིག་ལ་བདེ་མཆོག་གི་དབང་དང༌། ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད། གཞན་ཡང་འདོད་ཆོས་མང་དུ་ཕུལ། ཕྲན་སྒོ་དགའ་ལྡན་གླིང་གཞིས་ཀར་སྡེ་པ་ཟུར་ཁང་པའི་བཀའ་འགྱུར་ལ་ཚོམས་ཆེན་དུ་གཞི་བའི་གྲྭ་པ་བཞི་བཅུ་སྐོར་དང་ལྷན་དུ་ཀུན་རིག་ལ་བརྟེན་པའི་རབ་གནས་ཉིན་གང་མ་རྒྱས་པ། ཞི་བའི་སྦྱིན་བསྲེག་དང་བཅས་པ་བྱས། གཞི་པ་གྲྭ་ཚང་ནས་འདུ་ཁང་དུ་འབོད་པ་མཛད། སྒྲོལ་མ་མཎྜལ་བཞི་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་བྱུང་ཞིང༌། སྤྱི་སྒེར་ཐམས་ཅད་ནས་ཟབ་ཟབ་དཔེ་མེད་གནང༌། སྡེ་པ་ཟུར་ཁང་ནས་ཀྱང་རབ་སྟོན་འབུལ་བ་རྒྱ་ནག་གི་དགང་བླུག་སོགས་དཔག་མེད་སྩལ། རྡོ་རྗེ་ཤུགས་ལྡན་རྩལ་ལ་ཕྲིན་བཅོལ་དང་དམོད་ནས་ཕུལ་བས་དགྱེས་བཞིན་དུ་སྲུང་མར་ཞལ་གྱིས་བཞེས། ཁ་རེག་ནས་ཐེག་མཆོག་གླིང་དབོན་སློབ་སྐུ་མཆེད་ཕེབ། པདྨ་དབང་དྲག་ལགས་ཀྱིས་གནས་བཅུའི་རྟོགས་བརྗོད་ཀྱི་སྐུ་ཐང་གྲྭ་མཚུངས་བཅུ་གཅིག་ཁ་གསར་རི་མོ་དང་གོང་གཤམ་སོགས་སྤུས་ལེགས་དང༌། ཆོས་རྗེ་གཅུང་གིས་ཡབ་ཀྱི་བྱང་ཆོག་རྟེན་སོགས་དཔང་ས་མཐོ་བ་གནང༌། ས་ཕག་ལོ་གསར་པ་རང་ལོ་རེ་དྲུག་པའི་ནང་དུ་རིན་ཆེན་སྤུངས་པའི་དཔོན་སློབ། འཇམ་དབྱངས་བྱང་པ། བསླབ་བཏུས། ཆོས་འབྱུང་བརྒྱ་རྩ་སོགས་ལུང་དཀོན་པ་མང་པོ་དང་རྗེས་གནང་རིགས་ཀྱང་མང་བར་ཕུལ། གསང་ཕུར་མང་ཇ་སྔར་རྒྱུན་ལྟར་ལོ་སྔོན་མའི་ནང་དུ་ཤིང་མང་ནས་