[A:༥༧༨]ཆོས་ལྡན་ཅན་གཉིས་གནང་བའི་གཟིམས་ཆུང་གསར་རྒྱག་སོགས་ལ་རབ་གནས་དང་བཅས་ཅིས་ཀྱང་འོང་དགོས་ཚུལ་བྱུང་ཀྱང་སྟབས་མ་འགྲིགས་པས་འགྲོ་མ་ཐུབ་པ་ནས། འདི་ལོ་བཀའ་བཅུ་ཀུན་དགའ་སངས་རྒྱས་དང༌། བསྟན་འཛིན་ཡར་འཕེལ་གཉིས་ཆེད་གཏད་དུ་གཏང་བྱུང་བས་ཚག་གུར་ལ་ཚེ་དབང་ཞིག་ལ་ཕྱིན་པ། ལྷ་ས་ནས་སྡེ་པ་བཀའ་བློན་ལུམ་པ་ནས་ཀྱིས་རིབ་ཙམ་འོང་དགོས་ཚུལ་གནང་བ་ལྟར་ཕྱིན། ཞག་གསུམ་བསྡད། སྡེ་པ་བཀའ་བློན། སྡེ་པ་ཁྲུས་ཕུ་ནས་ཡབ། སྡེ་པ་བྱིངས་ནས་སོགས་ལ་ཚེ་དབང་འཆི་མེད་དཔལ་སྟེར། རྟ་མགྲིན་གྱི་བྱིན་རླབས་སོགས་ཕུལ། མར་ལམ་སྣོན་གཞིས་ཀར་ཡང་ཚེ་རྟའི་དབང་སོགས་གྲུབ། འཁོར་འཕྲལ་ལྷོ་བྲག་ལ་འགྲོ་བའི་གྲབས་བགྱིས་ནས་ཉི་ཤུ་གསུམ་ལ་བཏེག །འདི་ལོ་དུས་སྟབས་དང་བཅས་བློ་གསལ་འདི་གར་ཁག་ཆེ་བའི་སྡོད་དགོས་བྱུང་སྟབས་ངེད་རང་གི་རོགས་བློ་ལྡན། ཆོས་ལྡན་རྣམས་འཆོས་པ། སྐྱ་བོ་གཉིས་བཅས་དང༌། ལྷོ་བྲག་གཉིས་བཅས་སུ་ལུམ་གྲུ་གྲངས་པའི་དེ་ནུབ་ར་བ་སྨད་བླ་བྲང་དུ་ཞབས་ཏོག་རྒྱས་པར་བྱུང་ཞིང༌། རིམ་གྱིས་དོལ་བརྒྱུད་ཞག་ལྔ་ཐོག་ཏུ་སླེབས། དཔོན་སློབ་དམ་ཆོས་ཀུན་བཟང་གྲྭ་པ་གསུམ་བཅས་རོང་པ་བར་ཆིབས་བསུར་འབྱོར། གླིང་ཆེན་གཞིས་ཀར་ཐབ་བསུ་རྒྱས་པར་བཅས་འདུག །དེར་གུང་ཚིགས་གྲུབ། དེ་ནས་དགོན་པར་ཕྱིན། སེར་སྦྲེང་བཅས་བླ་བྲང་དུ་འབྱོར། སྔ་སོར་ཁུར་ལེན་གྱི་སྐབས་གཟིམས་ཆུང་ཞིག་མེད་ན་སྡེ་པ་གདན་འདྲེན་སོགས་མེད་ཐབས་མི་འདུག་པས་ཅིས་ཀྱང་བཟོ་དགོས་བླ་བྲང་ནས་ཤིང་སོགས་ཀྱི་ཐེབས་སྤྲད་པ་ཡིན་ཀྱང་དཔོན་སློབ་བསམ་ཡས་པའི་སྐབས་གནང་མ་