[A:༥༧༩]ཐུབ་པས་དམ་ཆོས་ཀུན་བཟང་གི་སྐབས་ལེགས་པར་གྲུབ་པ་བཀོད་པ་ཤིན་ཏུ་ལེགས་པའི་སྡོད་ཉམས་སྤྲོ་བར་འདུག །དེའི་སང་ཉིན་ཐོན་དབང་ཡིན་འདུག་པས་སྔ་སོར་ཕུལ་བའི་ཕྱར་དར་གཉིས་ལ་ཐུག་ལྕགས་རྩེ་གསུམ་ཤིན་ཏུ་ལེགས་པ་མེ་རི་བཀྲོལ་བཅས་ཆེ་ངེས་གཉིས་གསར་བཟོས་བྱས་པ་བསྐྱོན་སོང་བས་བག་དྲོ་བ་ཤིན་ཏུ་ལེགས་པ་བྱུང་ངོ༌། །ཐོན་དབང་གི་འཚམས་སོགས་གྲྭ་འགྲིགས་པར་བྱུང་བས་དབང་ཀྱང་ངེད་རང་གིས་བྱས་ཤིང༌། ཁྲོམ་ཤིན་ཏུ་ཆེ་ཞིང་ནམ་མཁའ་འཇམ་པ། ལྷ་མི་ཐམས་ཅད་སྤྲོ་སག་གེ་བར་གྱུར། བཀའ་བཅུ་ཀུན་དགའ་བསམ་འགྲུབ་ཀྱིས་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོའི་གསུང་ངག་སློབ་བཤད་ཀྱི་ཁྲིད་ཡིག་ཚང་བར་བྲིས་པ་དངོས་གཙང་བར་བྱུང༌། དེ་ནས་བཀའ་བཅུ་ཀུན་དགའ་ཤེས་རབ་ཀྱིས་དཀར་སྟེང་དུ་བོས། ཞག་གཉིས་བསྡད། སྒོ་མཐའི་ཁྲོམ་ཤིན་ཏུ་ཆེ་བར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་རྒྱས་པར་བྱས། ལྷོ་བྲག་པ་དད་ཞེན་ཆེ་བའི་སྟབས་གང་ཕྱིན་སར་ཆར་པ་ཤིན་ཏུ་ཆེ་བ་བབས་པས་ཆར་དཀོན་པའི་སྟབས་དད་པ་ལྷག་པར་འཕེལ། མར་ལམ་བཀའ་བཅུ་སྦྱིན་པ་དབང་པོས་ས་བཟང་དུ་བོས། ཞག་གཉིས་བསྡད། དེར་ཡང་རྗེན་ལྷ་གྲལ་བའི་ཁྲོམ་ཤིན་ཏུ་ཆེ་བར་གྲུབ་རྒྱལ་ཚེ་དབང་བྱས། འདིར་ཡང་ཆར་ཆེན་པོ་བབས། འབུལ་བའང་ཤིན་ཏུ་ཚན་ཆེ་བར་བྱུང༌། ཤིང་མང་རང་དུའང་ཁྲོམ་དབང་རྒྱས་པར་བྱས། རྒྱུན་དུ་སྟོད་སྨད་བར་གསུམ་ཐམས་ཅད་ནས་ཉིན་བསྟར་འཕྲད་མི་བར་མ་ཆད་པར་རང་ལ་གང་ཡོད་ཀྱི་ཐོག་ནས་སྤྲུག་སྤྲུག་གསིག་གསིག་བྱུང་བས་རྙེད་པའང་ཤིན་ཏུ་ཆེ་བར་བྱུང༌། ཤིང་མང་སྤྱི་སོ་ནས་ཀྱང་ཁྲོ་ཆེ་བ་བཅས་འབུལ་བ་བསམ་