R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༠
[A:༥༨༠]གྱིས་མི་ཁྱབ་པ་དང༌། གྲྭ་པ་རྣམས་ཀྱིས་ཀྱང་མར་གཙོ་བོར་གྱུར་པའི་འབུལ་བ་བསམ་གྱིས་མི་ཁྱབ་པར་ཕུལ། སྦྱོང་གར་གྱི་སྟབས་ནས་བཙུན་མ་རྣམས་བསྐུལ་མ་ཐུབ་པས་གཡག་ཁལ་གྲྭ་བསྒྲིགས་པར་འབུལ་མི་མང་དུ་བྱུང་ཞིང་འགའ་རེ་ཉོས་པ་བཅས་མཛོ་གཡག་བཅུ་བཞི་ཙམ་དང༌། བོང་ཁལ་བརྒྱད་དགུ་བཅས་པར་མར་རྐྱང་ཁལ་བརྒྱ་སྐོར་བྱུང་ཞིང༌། གཞན་ཡང་རས་ཚོས་སོགས་བསམ་གྱིས་མི་ཁྱབ་པ་བཅས་འོང༌། ཚུར་ལམ་གནམ་རྡོ་སོགས་སུའང་འབྲོག་པ་རྣམས་ཀྱིས་ཤ་མར་དཔག་མེད་འབུལ་མི་འདུག །གྲི་གུར་ཞག་གསུམ་བསྡད་དགོས་བྱུང་ཞིང༌། སྡེ་པ་མདོ་མཁར་ནས་དང༌། ལྷ་ཁང་དང་སྡེ་པ་གྲི་མཛོད་ནས་བཅས་ཀྱིས་སྐུ་འདྲ་གསར་བཞེངས་ལ་གཟུངས་གཞུག་རབ་གནས། ཚེ་རྟ་སོགས་སོ་སོའི་དགོངས་བཞེད་དང་མཐུན་པར་ཕུལ། རི་བོ་བདེ་ཆེན་པའི་བརྒྱད་གྲྭ་པ་རྣམས་ལའང་སྒྲོལ་མ་དང་སྨེ་བརྩེགས་ཀྱི་རྗེས་གནང་སོགས་བྱས། རྫོང་དཔོན་སོ་སོ་དང་གྲི་མཛོད་ནས་བཅས་ཀྱིས་མར་གཙོ་བོར་གྱུར་པའི་འབུལ་བ་གཏོས་ཆེ་བ་དང༌། གྲི་གུ་བ་རྣམས་ཀྱིས་ཀྱང་ཤ་མར་སོགས་དཔག་མེད་བྱུང༌། དེ་ནས་དཀར་མོ་གླིང་དུ་ཞག་གཉིས་བསྡད་དགོས་བྱུང་བའི་ཆིབས་དཔོན་ཚོར་ཚེ་རྟ་སོགས་ཀྱི་དབང་བསྐུར་ནས་རིམ་གྱིས་རང་གནས་སུ་འབྱོར། འཕྲེང་པོ་དགའ་ལྡན་གླིང་དུ་གླིང་སྨད་ཞབས་དྲུང་ཀུན་དགའ་འབྱུང་གནས་གཤེགས་པར་འོང་དགོས་ཚུལ་བཞིན་ཕྱིན། གཞི་པའི་དཔོན་སློབ་གྲྭ་བགྲེས་དང་བཅས་པ་དང་ལྷན་དུ་ཀུན་རིག་གི་སྒོ་ནས་དབང་བསྐུར་ལམ་སྟོན་ཞུས། སྒེར་དུ་ཀྱེ་རྡོར་གྱི་སྒོ་ནས་བདུན་ཚིགས་ཀྱི་ཆོ་ག་དང༌། ཞི་བ་ལས་ཐམས་ཅད་པའི་སྦྱིན་སྲེག་གི་སྒོ་ནས་བསྲེག་བླུགས་