R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༢
[A:༤༦༢]ཕུལ་དུ་ཕྱིན་པ་བྱུང༌། བཤད་པ་དང་འབེལ་གཏམ་སོགས་ཐག་ཐོགས་མེད་པས་མཁས་པ་རྣམས་དགྱེས་པ་བསྐྱེད་ནུས་པ་བྱུང་བ་དེ་དུས་ཀྱི་འདུས་ཚོགས་ཐུགས་མི་ཁྲེལ་བ་ཡོད། ཕྱི་ནང་གི་རྟེན་མཆོད་རྣམས་དང་ཁྱད་པར་བསེ་མགོན་ཡིད་བཞིན་གྱི་ནོར་བུ་སོགས་ཞིབ་པར་མཇལ། སངས་རྒྱས་ཀྱི་བསྟན་པ་དར་བའི་སྨོན་ལམ་རྒྱས་པར་བཏབ། སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་ཞབས་དྲུང་དུ་འཇམ་དབྱངས་ཨ་ར་པ་ཙ་ནའི་རྗེས་གནང་དབུ་རྩེ་ཆེན་མོའི་འཇམ་དབྱངས་གཟི་འོད་འབར་བའི་སྐུ་མདུན་དུ་ཐོབ་པས། འཇམ་དཔལ་དབྱངས་དངོས་ཀྱིས་འཇམ་དཔལ་དབྱངས་དངོས་དང་དབྱེར་མ་མཆིས་པའི་ཞབས་དྲུང་དུ་འཇམ་དབྱངས་ཀྱི་རྗེས་གནང་ཐོབ་པས་སྐལ་བ་བཟང་བའི་ཡང་རྩེར་སོན། དེ་གྲོལ་ནས་ལྷ་རྩེ་གཞུང་བརྒྱུད་ཕ་བླ་མ་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟི་གནས་རྨུུ་གཤོངས་དགེ་བའི་ཚལ་དང༌། མང་མཁར་མུ་གུ་ལུང་ཐུབ་བསྟན་དགེ་འཕེལ། ཆ་ལུང༌། འདར་སྟོད་བླ་མའི་གདན་ས་རྣམས་མཇལ། རིམ་གྱིས་རྔོས་ལ་བརྒྱུད་ངམས་རིངས་དགའ་ལྡན་བྱམས་པའི་གླིང་གི་ཆོས་སྡེ་ཆེན་པོར་སླེབས། མཁན་ཆེན་ངག་དབང་དོན་གྲུབ་ཀྱི་སྐུ་མཆེད་ཆོས་རྗེ་བསོད་ནམས་ཟེར་བའི་བྲང་ཁང་དུ་གནས་ཚང་བྱས། སང་ཉིན་རང་ནས་གྲྭ་བསྐོར་ཚུགས་པས་ཟླ་བ་ཕྱེད་གཉིས་ཀྱི་བར་བཤད་པ་རིག་ལུང་སོགས་ནས་ཁྱག་ངེས་བྱས་པའི་ཁུལ་ཡིན། ངེད་རང་གི་ཟླ་གྲོགས་ལ་རྒྱལ་གླིང་པ་ཕྱིས་ར་བ་སྨད་ཀྱི་བླ་མ་ཡུད་ཙམ་བྱས་པས་མཁས་མཆོག་ཆོས་རྒྱལ་ཡོད་པ་ཁོང་པ་གནས་མཇལ་སོགས་ལ་དགྱེས་པོ་མེད་ཀྱང་བདག་རང་དེ་དུས་དད་མོས་དགའ་རབ་ཡོད་ཅིང༌། རོགས་ཀྱང་གང་ཉན་བྱས་པས་བློ་མཐུན་ཡོད་ཅིང་གྲྭ་བསྐོར་གྲོལ་ནས་རྗེ་ས་སྐྱ་པ་ཆེན་པོ་སྐུའི་བཀོད་པ་བསྡུས་པའི་གནས་