[A:༤༦༣]སྐྱ་བོ་ཁ་གདངས། སྒྱེ་ཆུ་སྟག་རིས་རྒྱ་མཁར། བདེ་གྲོལ་སོགས་མཇལ། སྨོན་ལམ་བཏབ། བྱ་བྲལ་བར་སོང་གཤིས་མཆོད་པ་དང་སྙན་དར་རང་ནི་ཤོག་ཆེན་མ་བྱུང༌། མར་ལམ་མདོག་བརྒྱུད་སེ་མཁར་ཆུང༌། མདོག་གི་ཇོ་བོ་ཆེན་པོའི་གཙུག་ལག་ཁང༌། ཇོ་ནང༌། བྲག་རམ། མུས་སྟག་མོ་གླིང་ཁ་སོགས་དང༌། ཞེ་དགོན། ལུང་ཕུ་སོགས་ཀྱང་ཆད་མེད་མཇལ། སྣ་ཐག་མི་ལ་མ་ཤོར་བའི་རང་སྣང་བར་གང་ཤར་ལག་ཏུ་བླངས་ཆོག་པའི་སྟབས་ནས་སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྒྲུབ་གནས་ན་བཟའ་བྲག་ཕུག་པ་དང༌། ཚ་མོ་རོང༌། ཁའུ། བྱས་འགྱུར། སྤུན་གསུམ་འོང་ཁ། སྣར་ཐང་བྱང་ཆེན། དར་ལུང་སོགས་ལུས་མེད་དུ་མཇལ། ཐུབ་བསྟན་གོང་འོག །བཞད་གྲྭ་ཚང་ཆེན་མོ། གསེར་མདོག་ཅན་སོགས་བཤད་གྲྭ་རྣམས་སུ་དམ་བཅའ་སྒྲོས་གླེང་ཀྱང་ཁོ་ཐག་ཆོད་པར་སྣང༌། ཟོས་བདེ་བའི་ཚད་ཅིག་བྱུང༌། དེ་ནས་བླ་མའི་གདན་ས་འོག་མིན་གཉིས་པ་ཨེ་ཝཾ་ཆོས་ལྡན་རྡོ་རྗེའི་ཕོ་བྲང་དུ་སླེབས། ཞག་བཅུ་སྐོར་བསྡད། སྐལ་བ་བཟང་ཁྱད་ཟླ་གམ་སེར་ཧྲུལ་ཞིག་གཡར་བྱུང་བ་དང༌། གྲྭ་ཞྭ་ཐར་སོང་ཞིག་གྱོན། ལྷུང་བཟེད་ནང་དུ་ཟན་གོང་བཅུག་ནས་ཚོགས་སུ་ལན་ཁ་ཡར་ཕྱིན། དེ་དུས་མཁན་ཆེན་ལྷུན་གྲུབ་དཔལ་ལྡན་ཁྲི་ཐོག་ཏུ་བཞུགས་པར་ངོར་ཆེན་རྡོ་རྗེ་འཆང་གི་དབང་ཁང་དུ་ཀྱེ་རྡོར་གྱི་དབང་རྡུལ་ཚོན་ལ་བརྟེན་པ། ལམ་དབང༌། མཁའ་སྤྱོད་མའི་བྱིན་རླབས། ངོར་ལུགས་ཀྱི་མགོན་པོའི་བསྐང་བ་ཡོངས་རྫོགས་ཀྱི་ལུང་སོགས་ཐོབ། རྟེན་བརྟེན་པ་ཐམས་ཅད་ཞིབ་པར་མཇལ། སྤོ་འབོར་བའི་ཁང་ཆུང་ཞིག་ཏུ་གནས་ཚང་བྱས། ཡ་མཚན་པའི་རིགས་ཀྱང་འགའ་རེ་སྣང༌། ཁྲོ་ཕུ། གངས་ཅན་ཆོས་འཕེལ། བཀྲ་ཤིས་ལྷུན་པོ་རྣམས་ཀྱང་ལེགས་པར་མཇལ། གདན་ས་འོག་དཔལ་