R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༣
[A:༥༨༣]ཆེར་མེད་པ་རྣམས་ལ་གནང་རྒྱུ་བྱུང་ན་གཞན་ལས་ཕན་ཡོན་ཆེ་བར་འོང༌། ཐུགས་ཁྱད་མེད་ཕྱིན་བཀྲ་ཤིས་ཆོས་སྡེའི་བླ་མ་ལྷ་ཁང་གི་ལམ་འབྲས་བརྒྱུད་པ་རྣམས་ལ་སྔ་སོར་མི་ཤ་མདོག་མ་གཏོགས་མེད་པས་ཅིས་ཀྱང་གནང་དགོས་རྒྱུ་ཞུས་ལྟར་བཀའ་བཅུ་ཀུན་དགའ་རབ་བརྟན་གྱིས་སྐུ་ཟླར་ཕེབ་པའི་ཞལ་གསེར་ཐམས་ཅད་ལ་ཕུན་སུམ་ཚོགས་པ་དང༌། ཁྱད་པར་ལམ་འབྲས་བརྒྱུད་པ་གསར་བཞེངས་ལྟ་བུར་བྱུང་འདུག་པས་བསམ་པ་ཚིམ་པར་བྱུང༌། དེ་ནས་ཡར་ཕེབ་པའི་བཀའ་བཅུ་ལགས་ཀྱིས་ཕྱག་བྲིས་བཙུགས། རྒྱལ་དྭགས་པོ་གྲྭ་ཚང་གི་དཔོན་སློབ་ངག་དབང་དོན་གྲུབ་དཔོན་སློབ་གསུམ་ཕེབ་ཅིང༌། བཀྲ་ཤིས་ཆོས་སྡེ་ནས་དབོན་རིན་པོ་ཆེའང་འདི་ཁར་བཞུགས་བཞིན་བཅས་པར་སྒྲུབ་ཐབས་རྒྱ་མཚོ་ལུང་བཅས། སྒྲོལ་མ་དཀར་སྔོན་སོགས་དང༌། གུར་ལྷ་བརྒྱད། ཞལ་བསྙེན་དུས། ཕྱག་བཞི་པ་ལྷ་མང༌། ཕྱག་དྲུག་པ་ཤངས་ལུགས་གཙང་མ། དམག་ཟོར་མ་ཐུན་མོང་མ་ཡིན་པ། དུར་ཁྲོད་བདག་པོའི་རྗེས་གནང་དང༌། ལུང་གི་རིགས་ཤིན་ཏུ་མང་བ་འདི་ལོ་རྒྱལ་དབྱར་ཆོས་ལ་བྱེད་རྒྱུ་ཡིན་ཕེབ་པར་བསྟན་རྒྱུན་ལ་བསམས་ནས་རྒྱས་པར་ཕུལ། མར་ལམ་དབོན་དྲུང་དང་ལྷན་དུ་ཕེབ། དེ་ནས་དཔོན་སློབ་སངས་རྒྱས་རྒྱལ་མཚན་ཕེབ་པར་སྔར་མ་གསན་པའི་ཁ་སྐོང་པུ་སྟི། དུད་སོལ་པུསྟི། གྱི་ལྗང་པུསྟི། བེག་པོད། རྗེས་གནང་ཀྱང་གུར་ལྷ་བརྒྱད་དང་ལྷ་བཅུ་གཉིས། ལྕམ་དྲལ་ལྷ་གསུམ་ཐུན་མོང་མ་ཡིན་པ། ཟངས་གྲི་སྐོར་གསུམ། པུ་ཏྲའི་ཟུར་བཀའ་སོགས་བསྟན་དོན་ལ་བསམ་པའི་སྦ་བསྲི་མེད་པར་ཕུལ་ཞིང༌། མཇུག་ཏུ་གླིང་སྟོད་