R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༧
[A:༥༨༧] གོས་ཡུག་སོགས་རྙེད་པ་བླ་མེད་བྱུང༌། སླར་ཡང་གོང་ཞབས་རིན་པོ་ཆེའི་ཞལ་མཇལ་ཕྱག་དབང་ལ་ཕྱིན་པར་སེམས་དཔའ་ཆེན་པོ་དང༌། ངེད་དཔོན་སློབ་གཉིས་མ་གཏོགས་གཞན་སུ་ཡང་མེད། སྐུ་མདུན་དེ་གར་འཇོག་པ་གནང༌། སེམས་དཔའ་ཆེན་པོ་ནི་སྨྱོན་པ་ལྟར་བཞེངས་ནས་ཐོགས་སོང༌། ངེད་རང་ལ་བཀའ་འདྲིའང་ལྷོད་པར་ཕེབ་པས་སྐལ་པ་བཟང་པའི་ཡང་རྩེར་སོན། མར་ལམ་མཆོད་དཔོན་ཤག་ཏུ་གུང་ཚིགས་རྒྱས་པ། ཁ་བཏགས། ཆབ་རོག །བླ་གོས། གོས་ཆེན་གྱི་པང་ཁེབས་སོགས་བླ་མེད་སྩལ། ལྷ་ལྡན་དུ་ཞག་ཉི་ཤུ་འགོར་ནས་རང་གནས་སུ་འབྱོར། སྔ་སོར་སྤྲེལ་ལོ་རྒྱལ་པོའི་སྐབས་ལྷ་ལྡན་དུ་ཡུན་རིང་འགོར་དུས། ངོར་ཨེ་ཝྃ་ཆོས་ལྡན་གྱི་ཁྲི་ཐོག་པ་མཁན་ཆེན་དཔལ་གླིང་པ་ཕེབ་པར་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཐུན་མོང་མ་ཡིན་པ། ཞལ་སྒྲུབ་དུས་ལས་སྦྱོར་གྱི་མགོན་པོ། དཀར་པོ་ཚེ་འཕེལ་ཐུན་མོང་མ་ཡིན་པ། ཉི་མ་སྦས་པའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང༌། གསེར་ཆོས་ཛཾ་དམར་སྲོག་སྒྲུབ་ཀྱི་རྗེས་གནང༌། ཡི་གེ་གསར་རྙིང་གི་ལུང་སོགས་བསྟན་རྒྱུན་ལ་ཕན་པའི་འགྲོ་གང་ཆེ་བྱས། ངོར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཁྲི་ཐོག་པ་ཡིན་པས་ངོར་བསྟོད་སྡེ་སྣོད་མའི་ལྗགས་ལུང་ཐུགས་ཐོག་ནས་ཞུས། གསེར་སྲང་གང་སོགས་གནང་སྐྱེས་དཔག་མེད་སྩལ། ཡར་འབྲོག་ཞབས་དྲུང་རིན་པོ་ཆེར་མཁའ་སྤྱོད་མའི་བྱིན་རླབས་ཞལ་གསོ་ཕུལ། གངས་ཅན་མཁན་ཟུར་ངག་དབང་རབ་བརྟན། སྔགས་རམས་པ་སྟོབས་ལྡན་དང་ལྷན་དུ་ཐམས་ཅད་འཚེམས་མེད་ཡོད། ཡང་དེ་ནས་མི་