R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༨༦
[A:༥༨༦]རིག་བྱེད་མའི་རྗེས་གནང་བྱས། གུང་ཚིགས་ཐོན་ནས་མར་འོང༌། གསེར་དམར་གྱི་དྲིལ་བུ་རྩེ་གདོང་གི་ཕྱག་དྲིལ་ཡིན་ཞེས་གནང༌། ལྷ་སར་བཀྲ་ཤིས་བདེ་ལེགས་སུ་སྡེ་པ་ཁྲུས་བུ་ནས་སྐུ་ཞུད་ཀྱིས་ལྟེམ་པར་གླུད་རྫོང་ཞུས་པས་ཕན་ངོ་ཤིན་ཏུ་ཆེ་བ་བྱུང་ཞིང༌། སྡེ་པ་བཀའ་བློན་དང་ལྷན་དུ་ཚེ་དབང་འཆི་མེད་དཔལ་སྟེར་བརྒྱ་ཚར་ཕུལ། སླར་རྒྱལ་སྲས་རིན་པོ་ཆེའང་ཕེབ་པས་ཚེ་དབང་འཆི་མེད་རྡོ་རྗེའི་སྲོག་ཤིང་རྒྱལ་སྲས་རིན་པོ་ཆེ་དཔོན་སློབ། སྡེ་པ་བཀའ་བློན། ཁྲུས་ཕུ་ནས་ཡབ་སྲས་སོགས་ལྷན་དུ་ཕུལ། རྒྱལ་སྲས་རིན་པོ་ཆེས་སྣམ་སྦྱར་ལེགས་པ་ཞིག་ཕྱག་བདར་ནས་བསྐོན་པ་གནང༌། ཁ་བཏགས་སོགས་དཔེ་མེད་གནང༌། སྔ་སོར་ཟླ་བ་དགུ་པའི་མཇུག་ཆར་ཅན་ཀྱི་སྐུ་རིམ་སེར་ཚོགས་སྐབས་བསྟན་འཛིན་དབང་གི་བཀའ་ཤོག་དང༌། དགའ་ལྡན་ཁྲི་རིན་པོ་ཆེའི་ཐུགས་དམ་བཅས་རྒྱལ་པོར་བསྟན་སྐྱོང་གི་བླ་མ་སྔགས་རམས་པ་སྟོབས་ལྡན་ལ་ཞལ་གྱི་ཆོས་སྐོར་སོགས་མང་བ་དགོས་ཟེར་འབྱོར་པར་ཞག་བཅུའི་བར་དུ་གསང་འདུས་འཇམ་རྡོར་གྱི་དབང༌། ཞལ་གྱིས་རྗེས་གནང་རིགས་བདུན་ཙམ་དང༌། གཞན་ཡང་རྗེས་གནང་གི་རིགས་མང་བ། ཞལ་པོད་ཀྱི་ལུང་བཅས་བྱེད་དགོས་བྱུང་ཞིང༌། འདི་སྐབས་ཀྱང་ཆེད་གཉེར་གྱི་དཔལ་འཛིན་པོད་ཆུང་གི་ལུང༌། ཀླུ་དབང་རྒྱལ་པོ་དང༌། སྨེ་བརྩེགས་ལུགས་གཉིས། ཁྲོ་མོ་སྨེ་བརྩེགས་སོགས་ཀྱི་རྗེས་གནང་དང༌། ནོ་མོ་ཁང་ཕྱག་མཛོད་སྡེ་པར་རྣམ་སྲས་མདུང་དམར་ཕྱག་མཚན་བཞི་པའི་རྗེས་གནང་དགེ་སློང་འཇམ་དབྱངས་ལགས་དང་སྔགས་རམས་པ་སྟོབས་ལྡན་སོགས་དང་མཉམ་དུ་བྱས། དངུལ་ཕོན་ཆེ་བ།