[A:༥༨༨]འགྱང་བར་ཨེ་ཏི་ནི་སྦོ་ཤོག་ཐུའི་ཕྱག་བྲིས་བཅས་འོང་དགོས་ཚུལ་གནང་བ་ལྟར་བློ་གསལ་བཅས་ཕྱིན། བློ་ལྡན་མལ་གྲོལ་སོང༌། དེ་ནུབ་མགར་ཚད་དུ་བསྡད། གཞིས་ཀ་ནས་གསོལ་ཇ་དགོང་ཇ། བུ་རམ་བཅས་གནང༌། མར་ལམ་འོང་དགོས་ཚུལ་འདུག །དེ་ནས་སྨོན་གྲོད་དུ་ཤར་མར་ཕྱིན། ཞག་བཅོ་ལྔ་བསྐོར་བསྡད། གྲུབ་རྒྱལ་ཚེ་དབང༌། གཟུངས་གྲྭ་ལྔའི་དབང་ཟུར་བཀའ། གཟུངས་གྲྭ་ལྔ། ཕྱག་རྡོར་ཨུ་ཙཱརྱ། རྟ་མགྲིན་དབྱུག་ཏོག་ཅན། སྒྲོལ་མ་དཀར་སྔོན། མགོན་པོ་ཕྱག་དྲུག་པ་སོགས་རྗེས་གནང་མང་བར་བྱས། ལོ་ཙཱ་བ་རྗེ་དྲུང་གི་ལོ་ཙཱ་བ་མཛད་པས་ཤིན་ཏུ་མགུ་བར་བྱུང་སོང་ཞིང༌། སྲིད་འོང་བའི་བསྲུང་བའང་གང་ཟབ་བཟོས། བློ་བཟང་དཔལ་འབར་གཏོར་མ་བཟོ་བར་མགོ་མཇུག་ཐམས་ཅད་ལ་ཡོད། དེ་དུས་ཟུར་ཁང་སྡེ་པ་དབང་ལྡན་རྡོ་རྗེ་སྐུ་ཞུད་ཀྱིས་ཤིན་ཏུ་ལྟེམ་པར་ཚེ་དབང་བརྒྱ་རྩ་སོགས་བྱེད་པར་འཕྲལ་འཕྲལ་འོངས་པས་སྐུ་ཁམས་སེང་དྭངས་ལ་སོང༌། གདན་ས་གོང་ནས་གོང་མ་རིན་པོ་ཆེ་མཇལ་ཁར་ཕེབ་པ་གཡུ་ཐོག་ཏུ་བཞུགས་སྟན་འཇགས་འདུག་པ། མ་གཞི་ར་བ་སྨད་དུ་མཇལ་དགོས་ཀྱང༌། ད་ལམ་ཕྱག་དབང་དང་སླར་ཞབས་བརྟན་སོགས་སྙན་གསན་འབུལ་བ་བཅས་ཕྱིན་པར། མཇལ་མི་མང་བས་མགྲོན་གཉེར་གྱི་ཁ་ལ་མ་ཉན་པར་བློ་གསལ་གྱིས་ལན་ཡང་མེད་པར་སློག་སོང༌། སང་ཉིན་དེ་མཇལ་ཁར་ཡང་མི་འགྲོ་ཟེར་འདུག་ཉེར་ལྔའི་ཉིན་ཆིབས་ཁ་བསྒྱུར་སོང་བས་འདི་རེས་མཇལ་མ་ཐུབ། རྩེ་ནས་དྲུང་ཡིག་རབ་འབྱམས་པ་ངག་དབང་འཇམ་དཔལ་ཕེབ་པར་ཇོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བྱས། བློ་བཟང་ལུང་རིགས་དང་ངག་དབང་འཇིགས་མེད་སོགས་གྲྭ་ཚང་གི་གྲྭ་པ་བཅུ་སྐོར་དང་ཕྱེད་ཕན་ལ་སྡེ་པ་རྟ་མགྲིན་ཀྱང་ཡོད། བློ་བཟང་དངོས་གྲུབ་དང༌། བསྟན་དར། ཆོས་མཛད་དོན་གྲུབ་ཀྱང་ཡོད་ཅིང༌། ཉིན་བསྟར་གྱི་གྲྭ་པ་གཉིས་རེ་གསུམ་རེ་སོགས་སོ་སོའི་ཐུགས་བཞེད་