R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༤
[A:༤༦༤]རྩེ་གདོང་དུ་ཁྲི་ཆེན་བསོད་ནམས་བསྟན་འཛིན་དབང་པོའི་ཞབས་དྲུང་དུ་ཚེ་དབང་ལྕགས་སྡོང་མ་དང༌། སྒྲོལ་དཀར་སོགས་ཆོས་བཀའ་ཁ་ཤས་ཐོབ། གདུང་བརྒྱུད་རིན་པོ་ཆེ་སྐུ་མཆེད་དང་ཡང་མཇལ། བདག་རྐྱེན་ཟུར་གསོས་སོགས་བླ་མེད་བསྐྱངས་བྱུང༌། དེ་ནས་འབྲས་ཡུལ་སྐྱེད་ཚལ་དུ་ཞག་གསུམ་བསྡད། ངོ་ཤེས་པ་འདྲ་མེད་ཀྱང་མཚན་ཉིད་པའི་དག་སྣང་གི་དགེས་ཚོར་ཡག་པོ་མཛད་བྱུང༌། དམ་བཅའ་སྒྲོས་གླེང་ཀྱང་དགོང་རེ་བཞིན་བྱས། ཡོངས་དྲིལ་གཙང་དུ་ལོ་ཕྱེད་གཉིས་ཀྱི་བར་དུ་བསྡད། བློ་བསྐྱེད་ཆེ་ཞིང་སྣང་བསོད་བདེ་སྐྱིད་པའི་ཚད་ཅིག་ཤར། དེ་ནས་རོང་ཆུང་བརྒྱུད་མར་ལམ་ཆུ་བོ་རིར་མཆོག་གི་སྤྲུལ་སྐུ་རིན་པོ་ཆེར་ཕྱག་དབང་ཞུས། ཞག་གཉིས་བསྡད་ནས་རང་གནས་ཐུབ་བསྟན་ར་བ་སྨད་དུ་སླེབས། མ་དྲིན་ཅན་དེ་དོལ་དུ་བཞུགས་ཡོད་པས་དེར་ཕྱིན། ཡུན་རིང་མ་མཇལ་བས་ཐུགས་ཡུས་པའི་སྤྱན་ཆབ་དང་བཅས་དགེས་ཚོར་དཔག་མེད་གནང༌། ཞག་ཉི་ཤུ་སྐོར་ཕ་རྒན་མོན་དུ་ཐེགས་པའི་སྐུ་རིམ་སྨར་བར་བྱས། རང་ལོ་ཉེར་ལྔར་སླེབས་པ་ས་ཕོ་རྟ་ལོ་སྣྲོན་ཟླ་ར་བར་ཐུབ་བསྟན་རྡོ་རྗེ་བྲག་གི་གཙུག་ལག་ཁང་ཆེན་པོར་མཁན་པོ་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་གསལ་བྱེད་འདུལ་བ་འབུམ་སྡེའི་མངའ་བདག་བློ་བཟང་པདྨ་ཕྲིན་ལས། ལས་ཀྱི་སློབ་དཔོན་རྣམ་རབ་དྭགས་པོ་གྲྭ་ཚང་གི་དཔོན་སློབ་བསོད་ནམས་རྒྱ་མཚོ། གསང་སྟེ་སྟོན་པ་གོང་དཀར་ཆོས་སྡེ་བ་དཔོན་སློབ་ངག་དབང་ཨོ་རྒྱན། དུས་བསྒོ་བ་ཆོས་འཁོར་གནས་པ་སྨྲ་བའི་དབང་པོ་ཕྱོགས་ལས་རྣམ་རྒྱལ། ཁ་སྐོང་དགེ་སློང་བློ་གསལ། གྲོགས་དན་དགེ་སློང་དགེ་དབང་བཅས་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་ནོས། བརྗེ་བ་རྣམ་