[A:༥༩༠]དུའང་སྤྲུལ་སྐུ་རིན་པོ་ཆེ་སྐྱབས་སྡོམ་བཞེས་པ་དང༌། མགོན་པོ་བདུན་ཚོགས་སྔགས་ཐང་གྲྭ་ཚར་བཞེངས་པའི་རབ་གནས་སྦྲགས་པ། ཞལ་དཀར་ཁྲི་འབུལ་བཅས་ད་ལམ་དུས་ཚེས་ཕུལ་ཐེབས་མེད་གཤིས་མ་འོངས་པའི་བཀའ་ཐེབས་མི་འདུག་གནང་བར་བརྟེན། ངེད་རང་བློ་ལྡན་བཅས་པས་ཚེས་བཞི་ལ་ལྕགས་ཟམ་དུ་ཐོན། བློ་གསལ་དང་གྲྭ་པ་རྣམས་ཡོ་བྱད་དང་བཅས་ཚེས་ལྔ་ལ་ཐོན་ནས་ཞབས་བརྟན་གྱི་སྙན་གསན་སོགས་འབུལ་བའི་གྲྭ་སྒྲིགས་བཅས་འགྲོ་བར་བྱས། ལྕགས་ཟམ་དུ་ཚེས་ལྔའི་ཉིན་ཚེ་དབང༌། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་སོགས་ཕུལ། ཚེས་དྲུག་གི་ནམ་ཕྱེད་ནས་གྲྭ་པ་རྣམས་ཀྱིས་ལྷ་བསང་མཛད། ངེད་རང་གིས་ཀྱང་སྔ་ཉིན་ནས་གྲབས་ཤོམས་གྲུབ་སྟབས་ཁ་ཏོན་སོགས་གྲུབ་འཕྲལ་ཚོམས་ཆེན་དུ་ཀྱེ་རྡོ་རྗེའི་བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་རབ་གནས་རྒྱས་པ་དངོས་གཞི་ཐམས་ཅད་ནམ་ལངས་གོང་དུ་གྲུབ་པར་བྱས། གཟིམས་ཆུང་དུ་སྤྲུལ་སྐུ་རིན་པོ་ཆེར་སྐྱབས་སྡོམ་ཕུལ། དེ་ནས་གྲྭ་པ་རྣམས་ཀྱིས་རོལ་མོའི་བསུ་བ་དང་བཅས་ཚོམས་ཆེན་དུ་ཕེབ་པ་རྟེན་འབྲེལ་ཁྱད་ནས་ཐོག་མར་ངེད་རང་ནས་སྐུ་གསུང་ཐུགས་རྟེན། ན་བཟའ་ཆ་ཚང་སོགས་ཞལ་དཀར་ཕུལ། དེ་ནས་སྡེ་པ་བཀའ་བློན། གཉན་མཁར་ཤར་སོགས་ཀྱིས་ལེགས་འབུལ་དཔངས་མཐོ་བ་དངོས་གཙང་བར་འདུག །དེ་ནས་སྟོན་མོ་བཟང་བ་འདུག་ཐོག་ཕྱག་མཛོད་ལ་སྦྱིན་བདག་བསྐོ་བ་ནས་མཇུག་ཆོག་གི་བར་དུ་བགྱིས། དེ་ནས་ཉིན་གུང་ཡོལ་མཚམས་གྲུབ་པས་ངེད་རང་འགྲོ་དགོས་སྟབས་དགོངས་པ་ཞུས་པར། ད་ལམ་ཞག་ལྔ་དྲུག་ཉིན་བསྟར་རྟེན་འབྲེལ་ཁྱད་ནས་སྡོད་དགོས་འདུག་རུང༌། དོན་གཞན་དང་མ་འདྲ་གཤིས་