[A:༥༩༡]དེ་ག་གནང་དགོས་ཡོད་པས་སང་ཞོག་འདི་ཁ་ནས་ནམ་སྐྱག་ཆོག་གནང་གསུངས་འདུག་ཀྱང་སེམས་ཁོལ་བའི་དེ་ནུབ་རང་ནས་ཐོན་པར་འོང༌། ཞབས་ཏོག་བསྙེན་བཀུར་ནི་ཚད་ལས་འདས་པར་འདུག །ཕྱག་མཛོད་གྲྭ་དམངས་བཅས་ནས་མཆོད་རྟེན་རྩ་བར་སྐྱེལ་བར་ཕེབ། དེ་ནུབ་གོང་དཀར་དུ་ཉི་ནུབ་ལ་སླེབས། གོང་དཀར་དུ་དྲུང་ཡིག་རྒྱ་མཚོའི་ནང་དུ་བསྡད། མཁྱེན་རབ་ལགས་དང་དཀོན་གཉེར་བའི་གྲྭ་པ་འགའ་ཞིག །གནས་ཆུང་བའི་སྐུ་མག་སོགས་ཕེབ་མི་མང་བར་བྱུང༌། སང་ཞོག་ནམ་ཕྱེད་ཡོལ་ཁ་ཏོན་གྲུབ་འཕྲལ་ཐོན་སོང༌། རྒྱལ་གྲུབ་གླིང་ཐུབ་ནམ་གྱིས་འཁྱོལ། དེ་ནས་མགྱོགས་པར་འོངས་པས་ར་བ་སྨད་དུ་ཉི་མ་ཁ་འབོལ་ལ་འབྱོར། ཚེས་དྲུག་གི་ཉིན་བློ་གསལ་ཀྱང་ཕེབ་བསུར་ཕྱིན་པའི་མགྲོན་གཉེར་ལ་ཚེས་བདུན་ལ་གྲྭ་ཚང་གི་ཞབས་བརྟན་ཡིན་གཤིས་བརྒྱད་ལ་ཕུལ་ཆོག་པ་སྙན་གསན་ཕུལ་འདུག་དོན་ལྟར། དེ་ཉིན་གྲྭ་ཚང་གི་ཞབས་བརྟན་གྱི་དུང་བརྡ་གཏོང་བ་དང་སླེབ་པ་དུས་མཉམ་དུ་བྱུང༌། མཇལ་ཕྱག་ཀྱང་ཤར་མར་ཚོགས་རང་དུ་ཞུས་པར་གོང་མ་རིན་པོ་ཆེ་ཁྲི་ཐོག་ནས་བཞེངས་པའི་དགྱེས་ཚོར་ཆེ་བར་ཞལ་འཛུམ་བཅས་གནང༌། དཔོན་སློབ་ནས་ཚེ་དཔག་མེད་རོང་སྟོན་བརྒྱུད་པར་སྦྱར་ཆོག་པའི་ཆོག་ཁྲིགས་ངེད་རང་ནས་བགྱིས་པ་དེ་འཛུགས་པ་གནང་བ་གསུང་ཆོག་ཀྱང་ཤིན་ཏུ་འགྲིགས་པར། སྐུ་གསུང་ཐུགས་རྟེན་བདག་གིས་བཤད་པ་བགྱིས་ནས་དཔོན་སློབ་ཀྱིས་རིམ་གྱིས་བཏེག་ནས་ཕྱག་ཏུ་འབུལ་བ་གནང༌། ཞལ་བཞེས་ངེད་ཀྱིས་ཞུས་པར། ཚོགས་པས་མཎྜལ་འབུལ་བ་སོགས་དང༌། སྤྱི་སྒེར་ཐམས་ཅད་ནས་འབུལ་དཔངས་ཤིན་ཏུ་མཐོ་བར་འདུག །དེའི་སང་ཉིན་ཡང་སྔ་མ་ཇི་ལྟ་