R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༩༣
[A:༥༩༣]ཡིན་རུང་བདག་རྐྱེན་མ་གནང་ན་ཆུད་ཟོས་དོགས་བྱུང་ཀྱང་ཐུགས་ལ་གཏད་ན་ཅིས་ཀྱང་འབུལ་སྤྲོ་ཞེས་མཐིང་ཁྲ་དང་ཁ་བཏགས་ཀྱི་ན་བཟའ་བཅས་བདག་ཆེན་རིན་པོ་ཆེ་རང་གི་ཕྱག་ཏུ་ཕུལ་བས་ཤིན་ཏུ་དགྱེས་པའི་རྩེར་སོན། བདག་ནི་ནོར་བདག་པོའི་ཕྱག་ཏུ་འཕྲོད་སྙམ་དགའ་བ་ཐོབ། ད་དུང་དེ་རིགས་ལག་ཏུ་འཁོར་བྱུང་ན་ཅིས་ཀྱང་དགོས་ཞེས་བཀའ་གནང་ཞིང༌། ཡུམ་ནས་ཀྱང་ནན་བཅག་ཆེ་བར་བྱུང༌། སྐུ་ཞབས་རིན་པོ་ཆེས་དམ་རྫས་སྟོང་རྡོ་བརྒྱ་རྡོ་གཉིས། སིལ་མ་ཕོན་ཆེ་བ་ཕྱག་མདུད་བཅས་དང༌། དངུལ་སོགས་ཚན་གྲངས་གནང་བ་མ་ཞུས་ཀྱང༌། དེ་ནུབ་ཕྱག་མཛོད་ནས་རྡོ་རྗེའི་ལེགས་སོ་ཡིན་གནང་བའི་དངུལ་སྲང་སུམ་ཅུ་ཁ་བཏགས་བཅས་གནང་བར། དེ་ལ་བལྟས་ནས་ཕུལ་བ་མིན་པས་དམ་རྫས་བྱུང་ན་གོང་བྱུང་ཞུ་དགོས་ཞུས་པར་ཐ་མའང་ཕྱེད་བཞེས་གནང་ཀྱང་མ་ཞུས། ད་ལམ་འདི་ཁར་དམ་རྫས་འཛངས་པས་ཚན་ཆེ་བ་མེད། སླར་འབུལ་གནང་བས་ཞོགས་པ་དམ་རྫས་བརྒྱ་རྡོ་སིལ་མ་བཅས་མང་བར་བྱུང༌། དེ་ནས་གྲྭ་ཚང་དཔོན་སློབ་དང་ངེད་གསུམ། དབུ་ཆོས། ཞོལ་གྱི་དྲུང་འཁོར་བཅས་ཆིབས་སྐྱེལ་ཚན་ཆེ་བ་བཅས་སྒང་སིབ་བར་ཆིབས་སྐྱེལ་ཞུས། ངེད་དེ་ནུབ་ར་བ་སྨད་དུ་བསྡད། སང་ཉིན་རང་གནས་སུ་ལོག །དེ་སྐབས་སྐྱིད་གཤོངས་སུ་ཡུམ་དྲུང་ནས་ས་སྐྱར་རྒྱ་ཅན་མེད་གཤིས་སྔ་ཕན་རྩོལ་བ་བྱས་ཀྱང་མ་བྱུང་བས། ད་ལམ་དེ་ཁ་གཞན་དང་མ་འདྲ་བའི་ཐུགས་འདྲིས་ཆེ་སྟབས་ཕྱག་ན་ཡོད་ན་དང༌། དེ་མིན་ཐུགས་རྩོལ་དགོས་ཚུལ་གནང་བྱུང་བར། ངེད་རང་ལ་ཁྱད་པར་འཕགས་པ་ཞིག་ཡོད་པ་སྐུ་ཞབས་སུ་ཕུལ་ཚར་བས་གོང་ཆོས་ཚུན་ལ་འབུལ་ཐུབ་པ་འོང་ཞུས་ནས་འདི་ཁ་