R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༩༤
[A:༥༩༤]ནས་རྒྱ་ཅན་རྩ་བ་དང༌། བླ་མ་མལ་གྱི་ཐུགས་དམ་རྟེན་འཁོར་ལོ་བདེ་མཆོག་ནག་པོ་ལུགས་ཀྱི་སྐུ་བརྙན་རྡོ་ནག་ལས་གྲུབ་པ་ས་ཆེན་གྱི་ཕྱག་ཏུ་བྱུང་བ། ཕྱིས་དཔོན་ཨག་གླེན་ལ་གནང་བའི་སྣ་དཀར་རྩེའི་ནང་རྟེན་དུ་བཞུགས། ཕྱིས་རྡོར་བྲག་གི་ཕྱག་ཏུ་འབྱོར་པར་སྟོར་དུས་འཁྱར་བ་ངེད་རང་གི་ལག་ཏུ་འབྱོར་བའི་ཁྱད་ཅན་དེ་དང་བཅས་འབུལ་བར་བློ་གསལ་བཏང༌། གོང་དཀར་ཆོས་སྡེར་ཞུ་ཡིག་བཅས་ཕུལ་བས་ཤིན་ཏུ་དགྱེས། བཀའ་ལན་རྒྱས་པ་དམ་རྫས་མང་བ་བཅས་གནང་ཞིང༌། ད་དུང་དེ་རིགས་བྱུང་ན་དགོས་ཚུལ་བཀའ་ནན་ཆེ་བ་བཅས་སྐུ་ཞབས། ཡུམ། ཕྱག་མཛོད་ཐམས་ཅད་ནས་རྒྱས་པར་གནང༌། སྐྱིད་གཤོངས་སུ་ཆོས་ལྡན་བཟང་པོ་འདས་པའི་གོང་ཞབས་སུ་ལྗགས་བསྔོ་རྟེན་དང༌། འདི་གར་ཀྱང་བསྔོ་བྱང་གི་རྟེན་སྐྱེལ་བར་འབྱོར། བླ་བྲང་ནས་ཀྱང་དབོན་རིན་པོ་ཆེས་ཞབས་བརྟན་འབུལ་བར་མགྱོགས་པར་ཐོན་རྒྱུན་ཡིན་པས་ཞལ་བཞེས་ཞུ་ལུགས་རྒྱས་བསྡུས་གཉིས་ཙམ་དགོས་གནང་ལྟར་ལུགས་མང་བར་ཡོད་པའི་རྒྱས་པ་དང༌། ཅུང་ཟད་བསྡུས་ཙམ་བཅས་ཕུལ། མི་འགྱང་བར་རྒོད་དཀར་ལ་བརྒྱུད་གྲྭ་པ་ལྔ་བཅུ་སྐོར་ཞབས་བརྟན་འབུལ་བར་ཕེབ་པར་གྲྭ་འགྲིགས་པར་བྱུང་འདུག །ཚུར་ལམ་དཔོན་སློབ་ཐམས་ཅད་འདི་གར་ཕེབ། རྗེ་བཙུན་ཡིད་བཞིན་འཁོར་ལོའི་གསུང་ཆོག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པར་གནང༌། སྤྱི་སོ་ནས་རྒྱལ་སྲིད་སྣ་བདུན་དངུལ་གྱི་འབུར་མ། རྫས་བརྒྱད་ཙཀླི། རྟེན་ཁེབས། ཐེར་མ་སྦུགས་སོགས་དང༌། དབོན་རིན་པོ་ཆེ་གྲྭ་དམངས་བཅས་པས་ཆེ་འབྱོར་ཆུང་འབྱོར་འབུལ་བ་གནང༌། དབོན་རིན་པོ་ཆེས་སྔ་སོར་ཕུལ་བའི་ཞལ་བཞེས་སྒྲ་དག་ཅིང་བརྗོད་བྱ་གཙང་བར་འདུག་པས་དགའ་བར་བྱུང༌།