[A:༥༩༥] ཞག་གཉིས་ཀྱི་བར་བཞུགས། བསྐང་གསོ་རྒྱས་པར་གནང་བས་སྐུ་རིམ་སྨར་བར་བྱུང༌། དགེ་སློང་ཚུལ་རྒྱམ་ལགས་ཀྱང་ཕེབ་པ་ཕྱག་རྡོར་ཐུགས་དམ་མ་སྤུས་གཙང་བ་སྟེར་བ་གནང༌། འདི་ལོ་བསམ་ཡས་སུ་མཆོད་འབུལ་དང་གནས་གཟིགས་ལ་ཅིས་ཀྱང་འོང་དགོས་གནང་བྱུང་བས་དེ་ག་བྱེད་དགོས་འདུག་ཞུས་ཀྱང༌། ཟླ་བ་བཞི་པར་སྒེར་པ་ནས་བང་ཕྱིན་གནང་བའི་རྒྱལ་སྲས་རིན་པོ་ཆེའང་ཕེབ་སྟབས་ཆོས་བཀའ་མང་ཙམ་ཞུ་དགོས་བཅས་ཚེས་ག་ཙམ་ལ་གདན་འདྲེན་བཏང་ཆོག་གི་གསལ་དགོས་ཕེབ་པར། ཚེས་བཅུ་གསུམ་ལ་གནང་ན་འོང་ཞུས་པ་དུས་ཐོག་དེ་གར་ཕེབ་བྱུང༌། བློ་གསལ་ནི་འགྲོ་མ་ཐུབ། ངེད་བློ་ལྡན་གཉིས། དགེ་སློང་ཚུལ་རྒྱམ། ཆོས་ལྡན་བཅས་དང༌། སྲས་པོ་རྟ་གཡོག་བཅས་ཚེས་བཅུ་གསུམ་ལ་འདི་ནས་བཏེག །དེ་ནུབ་ལྷ་རྩེར་བསྡད། དེ་ནས་ཚོང་འདུས་ཚོགས་སུ་ཞག་གཅིག །བཅོ་ལྔའི་ཉིན་རྩེས་དོང་བྲག་གདོང་གཟིམས་སྤྱིལ་དུ་ཐོག་མར་ཕྱིན། དེའི་སང་ཉིན་སྒེར་པ་རྗེ་དབོན་རིན་པོ་ཆེ་ཕེབ་ནས། རྒྱལ་སྲས་རིན་པོ་ཆེ་མ་ཕེབས་བར་ཁ་སྐོང་པུསྟི། ཞལ་པོད་སོགས་ལུང་མང་དུ་ཕུལ། དེ་ནས་རྒྱལ་སྲས་རིན་པོ་ཆེའང་ཕེབ་པའི་ཐོག་མར་གསང་འདུས་འཇམ་རྡོར་གྱི་དབང་རས་བྲིས་ལ་བརྟེན་པ། ཞལ་བསྙེན་དུས། སྒྲུབ་དུས། ལས་སྦྱོར། གསང་སྒྲུབ་ཀྱི་རྗེས་གནང་ཐུན་མོང་མ་ཡིན་པ། སྒྲུབ་དུས་ཐུན་མོང་མ་ཡིན་པ། ལས་བཞི་སོ་སོའི་མགོན་པོ་དང༌། སྲུང་འཁོར་ཚེ་ཁྲིད་ཐུན་མོང་མ་ཡིན་པ། གསང་ཁྲིད་ཤིན་ཏུ་སྨིན་པ། གུར་གྱི་ཡང་སྐོང་པུསྟིའི་ལུང༌། བེག་པོད་ཀྱི་ལུང༌། རྟ་མགྲིན་ཡང་གསང་གི་དབང༌། གིང་ལྔ་གཟའ་གདོང་གི་