[A:༥༩༨]ཐོག་མར་སྒོ་སྤེ་སྟེང་དུ་བཞུགས་གྲལ་དང༌། དེ་ནས་སེར་ཚོགས་ཀྱི་ཚོགས་དབུར་ཕྱིན། བསྔོ་བ་རྒྱས་པར་བྱས། ཚོགས་སུ་ཇ་མཆོད་དུས་གསུམ་རྒྱལ་བ་མ་གྱེར་བྱུང་བས་དགའ་སྤྲོ་ཐོབ། དབོན་རིན་པོ་ཆེས་ཆོས་ཀྱི་དྲི་བ་བརྡ་ཆད་ཆགས་པ་འདུག་ཅིང༌། སང་ཞོགས་བླ་བྲང་ལ་དཀར་སྤྲོ་འབུལ་ནོད་རྒྱས་པ། དེ་ནས་འདུ་ཁང་དུ་བཞུགས་ཁྲི་ཆེན་མོའི་ཐོག་ཏུ་བོས། སྤྱི་སོའི་སྟོན་མོ་འབུལ་བ་དཔག་མེད་བྱུང༌། དེ་ནས་ཨུ་ཚུགས་གནང་བྱུང་ཀྱང་བྲེལ་གཡེང་སྟབས་མཆོད་མཇལ་ཞུས་ནས་ཐོན་འོང༌། གྲྭ་དམངས་ཤར་གྱི་ཞིང་སྟེང་དུ་སྐྱེལ་བར་ཕེབ། དབོན་རིན་པོ་ཆེ་སྤྱི་ས་བཅས་པས་རྟ་སྐྱེལ་དུ་ཕེབ། བཀྲ་ཤིས་ཟམ་པའི་ཐད་ཀ་ནས་ཁ་བཏགས་ཀྱི་གཡབ་མོ་གནང་བར་རྟ་ཁ་ལན་གསུམ་བསྒྱུར། བཀྲ་ཤིས་མཐོང་སྨོན་དུ་བོས་པས་སྟེར་སྦྱིན་དང་དཀར་སྤྲོ་རྒྱས་པར་གནང༌། དབོན་རིན་པོ་ཆེ་དཔོན་གཡོག་དེ་ནས་ཕྱིར་ཕེབ། དེ་ནུབ་ཁེ་གསུམ་དུ་ཤོག་གནང་ཕྱིན་སྡེ་པ་མཆོད་དཔོན་ལགས་ཀྱང་ཕེབ་འདུག །ཟངས་པར་གླིང་གི་སྦུགས་གཟིམས་ཆུང་ཤིན་ཏུ་སྤྲོ་བར་འདུག་པ་དེར་བསྡད། ཞལ་ངོ་རྣམས་དང༌། རྒྱལ་ཆེན་གྱི་སྐུ་རྟེན་པ་བཅས་ལ་ཚེ་རྟ་རྒྱས་པ་བརྒྱ་རྩ་ཕུལ། སང་ཞོགས་སྟེང་ཤོད་ཐམས་ཅད་དང་མགོན་ཁང་བཅས་པར་ཁྲུས་གསོལ་དང་མེ་ཏོག་གཏོར། སྤྱི་སྒེར་ཐམས་ཅད་ནས་ཐེར་མ་སྤུས་ལེགས་སོགས་གནང་སྐྱེས་དཔག་མེད་སྩལ། དེ་ནུབ་རྩེས་དོང་དུ་ཕྱིན། རབ་འབྱམས་པ་ངག་དབང་བསྟན་འཕེལ་ལགས་ཀྱི་སྐུ་འཁོར་ཐམས་ཅད་ལ་ཚེ་དབང་ཕུལ། རབ་འབྱམས་པ་ལགས་ཀྱིས་ཐེར་མ་སོགས་གནང་བྱུང༌། དེ་ནས་སྒེར་པར་ཕྱིན། རྗེ་བཙུན་བགྲེས་པ་རྣལ་འབྱོར་མའི་མཚམས་ལོ་