[A:༥༩༧]སྐུ་ཞབས་སུ་ཕེབ་ཞོར་དུ་ཕེབ་པས་འོང་དགོས་ཚུལ་དང༌། དགེ་སློང་བསོད་ནམས་རིན་ཆེན་གྱིས་ཀྱང་ཨུ་ཚུགས་བཅས་ན་ནིང་ཕེབ་གདོང་ནས་མཁས་བཙུན་གྱི་སྙན་གསན་ཕབ་དོན་ལྟར་ད་ལམ་དམ་ཚིག་ཐུབ་བྱུང་བས་སེར་ཚོགས་ཀྱི་དབུར་ཅིས་ཀྱང་འོང་དགོས། གྲྭ་བསྒྲིགས་ཚར་ཟེར་བར་ཞག་གཅིག་འོང་བར་ཁས་བླངས། དབང་དྲག་སོག་པོ་ཅན་ལ་རྟ་གསར་ནས་དུས་བསྒྲིགས། རྒྱལ་སྲས་སྐུ་ཞབས་ནས་ཚོགས་འཁོར་རྒྱས་པའི་ཐོག །ཕག་མོའི་སྐུ་རྒྱུ་ལེགས་པ། ཁ་བཏགས་ཆེ་བ། གསེར་སྲང་གང༌། དངུལ་སྲང་བདུན། གོས་ཆེན་དམར་པོ་ཡུག །དངུལ་གྱི་བུམ་པ་འབུར་མ། རིགས་གསུམ་དཀྱིལ་ཐང༌། རྩེ་ཞྭ་ལེགས་པ་སོགས་དཔག་མེད། དགེ་སློང་ལགས་ཀྱིས་རི་བོ་ཆོས་གླིང་ནས་ལེན་མི་གནང་བའི་གནས་བཅུའི་སྐུ། ཐང་བྲིས་སྤུས་ལེགས་ཞལ་ཁེབས་ཏོག་སོགས་བཟང་གྲུབ་བཅུ་གཅིག་གྲྭ་ཚར། མེ་ཏོག་བུམ་པ་བརྒྱད་གཞོགས་ཆེ་ལེགས་ཚ་གསེར་མ་ཆ། ཐང་ཀའི་བཞུགས་སྒམ་སྐྱི་བཏུམས་མ་སྒོ་ལྕགས་ལྡེ་བཅས་ཆ། བལ་ཟམ་ཁྲ་བསྒྲིགས་ཀྱི་གནམ་རྒྱན་གླིང་གསུམ་བཅས་གནང༌། དེ་ནས་བཀྲ་ཤིས་ཆོས་སྡེར་ཕྱིན་པའི་ཡར་ཞོར་ཁྲ་འབྲུག་ན་གར་སོག་པོ་རྣམས་ཀྱིས་ཞོ་དང་ཇ་སོགས་ཞུས། དངུལ་དར་སོགས་ཕུལ་བྱུང༌། དེ་ནས་བཀྲ་ཤིས་ཟམ་པ་ཐོན་མཚམས་སུ་སེར་སྦྲེང་རྒྱས་པ། མགོན་ཁང་ཐོག་ནས་དུང་རྒྱ་གླིང་སོགས་རྒྱས་པ། དབོན་རིན་པོ་ཆེ་དང་གཉེར་པ་སོགས་སྣེ་གདོང་གི་ཐད་དུ་ཆིབས་བསུར་ཕེབ། དེ་ཉིན་རྒྱལ་ས་སྒང་པ། རས་ཆུང་ཕུག་པ། ཆོས་ལུང་རབ་བརྟན་པ། ཤེལ་བྲག་པ་སོགས་ཚོགས་པ་ཆེ་བར་འདུག །