R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༥
[A:༤༦༥]གསུམ་གྱི་སྐབས་མིང་སྔར་གྱི་སྟེང་དུ་ངག་དབང་འཇུག་པ་གནང༌། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མཐའ་དག་ཕྲ་ཞིང་ཕྲ་བ་རང་མ་ཐུབ་ཀྱང་འཆོལ་བར་མ་སོང་བའི་ངོ་ལྐོག་མེད་པ་རང་ཡིད་ཆེས་པ་ཡོད། སླར་ར་བ་སྨད་དུ་སློབ་གཉེར་གྱི་འཕྲོས་སྔར་བས་ཀྱང་སྨར་བ་བྱས། སེམས་ཀྱང་སྤྲོ་བ་བཅས་སྐྱིད་པར་བྱུང༌། དེ་ཡན་ཆད་ནི་སྐྱིད་པའི་ཉི་མ་ཤར་བའི་སྐབས་སོ། །དེ་ནས་རང་ལོ་ཉེར་བདུན་ལོན་པ་ལྕགས་སྤྲེལ་ཟླ་བ་དགུ་པར་བདག་གི་ནུ་བོ་གཅིག་ནད་བབས་ལྕི་བས་ན་བར་བརྟེན་འབོད་མི་བྱུང་བས་འཕྲལ་དུ་ཕྱིན་ཀྱང་ནད་བབས་ལོད་པས་ཞག་གཉིས་ནས་ལྔ་ལམ་དུ་གྱུར་སོང༌། ནུ་བོ་གཞོན་པ་དེའང་ནད་དེ་ཉིད་ཀྱིས་འཕྲལ་དུ་རྐྱེན་ལམ་དུ་གྱུར། ཁྱད་པར་བདག་ལས་ལོ་གཉིས་ཀྱིས་གཞོན་པ་དེས་གསོ་རིགས་ཕུལ་ཕྱིན་ཤེས་ཤིང་གཤིས་ཁ་ལེགས་པར་ཞིག་ཡོད་པ་དེའང་ནད་དེ་ཉིད་ཀྱིས་བཏབ་ནས་ཞག་བདུན་ཐོག་ཏུ་འདས་ཤིང༌། དེ་དུས་རིག་འཛིན་ཆེན་པོས་གསུང་ངག་ཞིག་འཛུགས་པ་གནང་གྲབས་ཀྱིས་ཅིས་ཀྱང་འོང་ཐུབ་པར་གྱིས་ཞེས་བརྩེ་བའི་བཀའ་ཤོག་ཕེབ་པ་དང༌། རང་ཡང་ད་ལམ་ཅིས་ཀྱང་འགྲོ་དགོས་བསམ་པ་ཐུན་མོང་མ་ཡིན་པ་ཡོད་ཀྱང༌། ལས་དབང་གིས་མནར་བའི་སྤྲེལ་ལོ་ཟླ་བ་བཅུ་གཅིག་པའི་ཉེར་དགུ་ནས་ནད་ཀྱིས་བཏབ། ཤིན་ཏུ་ཐུ་བར་བྱུང༌། ཕ་རིག་འཛིན་ཆེན་པོར་གསུང་བརྟག་ཞུས་པར་ཀྱང་གཞན་གྱིས་བྱད་རྦོད་ཀྱི་ལྟས་ཤིན་ཏུ་ཆེ་བར་འདུག་ཕེབ་པའི་རིམ་གྲོ་རྣམས་ཀྱང་འབད་རྩོལ་གྱི་སྒོ་ནས་བསྒྲུབས་ཀྱང་རེ་ཞིག་ཇེ་ལོད་ལ་སོང༌། ཕ་མ་དྲིན་ཅན་གཉིས་ཐུགས་བྲེལ་ལ་བཀོད། ཉིན་གཅིག་ཞང་པོའང་དགོན་པ་ནས་ཕེབ། ཚེ་འདིའི་སྣང་བ་ནུབ་པར་ཉེ། ཡོལ་བ་སོགས་ཀྱང་ཉེར་བསྡོགས་གྲུབ། གཅིག་ལ་གཅིག་སྤྱན་ཧྲིག་ཧྲིག་ཏུ་གྱུར། རང་གི་འདི་ཡིན་མེད་པའི་སྣང་བ་འགགས་པ་ཞིག་བྱུང་