[A:༦༠༠]ལམ་ཀྱང་ལྕགས་ཟམ་དུ་ཚེ་རྟ་སོགས་ཆོས་སྤྱོད་ཀྱི་ལུང་དཔོན་སློབ་ཐམས་ཅད་ལ་ལྷན་དུ་ཕུལ། དེ་ནས་མལ་གྲོར་ཕྱིན་པའི་ཡར་ལམ་སྣོན་གཞིས་ཀར་ཞལ་ངོ་རྣམས་ལ་ཚེ་རྟ་བྱ་བས་ཁྲུས་ཕུལ། ལྷ་ས་ནས་སྡེ་པ་བཀའ་བློན་ལུམ་པ་ནས་ཀྱིས་ཀྱང་འོང་དགོས་གནང་ལྟར་བཀྲ་ཤིས་བདེ་ལེགས་སུ་ཞག་གསུམ་འགོར་ཞིང་ཚེ་དབང་བརྒྱ་རྩ་ཕུལ། གང་ཅིས་བཀའ་གླེང་གནང་སྦྱར་མང་བར་སྩལ། དེ་ནས་ལྷ་གདོང་བརྒྱུད་མལ་གྲོར་སླེབས་འཕྲལ་ནས་ཚོགས་པ་གདན་འདྲེན་གྱི་གྲལ་དབུར་འགྲོ་ཉག་ཅིག་བྱས། གྲྭ་པ་རྣམས་ལ་མང་ཇ་བཀྲས་བཏགས་རེའི་ཕྱག་འགྱེད་ཕུལ། བར་སྐབས་སུ་མ་ཕྱིན་པས་སྐྱ་སེར་ཐམས་ཅད་ནས་གཞིས་ལེན་མི་འཐོབ་ལྟ་བུར་བྱུང༌། རྫམ་ཆུང་བཀའ་བཅུ་པས་སྦྱིན་བདག་བྱས་པའི་ཆོས་ཁྲི་ཐང་དུ་ཁྲོམ་དབང་ཉི་མ་གཉིས་བྱས། ཟླ་བ་གཅིག་ཙམ་འགོར་ཞིང་ཚེ་དབང་མ་གཏོགས་ཆོས་ཀྱི་རིགས་མ་དགོས་པས་སྐྱིད་པ་བྱུང༌། ཤ་མར་ཐུད་གསུམ་གྱི་གཙོར་གྱུར་གྱི་ཚོགས་འཁོར་བཅས་བརྟན་བཞུགས་བྱེད་མི་མང་བར་བྱུང༌། ཚལ་པ་ཁང་གསར་པའི་མ་ན་བའི་རམ་པ་ཁང་གསར་ནས་མར་ལམ་དུ་འོང་དགོས་པའི་མི་འཆད་ཀ་རང་དུ་བྱུང༌། ཚར་དགུ་ནས་ཀྱང་མར་ལམ་འོང་དགོས་པ་དང༌། ལྷག་ཏུ་སྡེ་པ་བཀའ་བློན། བློ་མཁར་ནས་སོགས་སྙན་གསན་འབུལ་མི་ཤིན་ཏུ་མང་བར་བྱུང༌། མལ་གྲོ་ནས་མར་ལམ་བློ་མཁར་དུ་ཞག་གཉིས་བསྡད། དེ་ནས་གཟིམས་ཁང་ཤར་པ་རྣམས་ཀྱིས་བོས་པས་གུང་ཚིགས་བྱས། མང་ཇ་སྦུགས་ཆོལ་སོགས་ཕུལ། དེ་ནས་བློ་མཁར་ཏུའང་རམ་པ་ཁང་གསར་རང་དུ་ཤར་མར་འོང་དགོས་པའི་བང་ཕྱིན་བྱུང་བ་ལྟར་ཤར་མར་ཕྱིན་པས་མཐོང་གསལ་གནས་ཚང་མི་དགའ་བར་དཔེ་མེད་བྱེད་འདུག །ཞག་ལྔ་འགོར་རིན་ཕན་