[A:༦༠༡]ཚུན་ཐམས་ཅད་དུ་ནམ་ལངས་ས་རུབ་ལྟ་བུར་འགྲོ་དགོས་བྱུང་ཞིང༌། བཀའ་བློན་ང་ཕོད་པའི་དེར་ཡང་ཚེ་དབང་བྱས། ཇ་འཁོར་དྲུག །མར་ལྟང་ཆེ་བ། འབྲས་ལྟང་སོགས་དཔེ་མེད་བྱུང༌། དགའ་ལྡན་ཁང་གསར་དུ་གྲྭ་པ་ཡོངས་རྫོགས་ལ་འཆི་མེད་དཔལ་སྟེར་དང༌། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་ཕུལ། གྲྭ་པ་ཐམས་ཅད་ཐུགས་ནང་དག་ཅིང་དམ་ཚིག་གཙང་བ་བཅས་འབུལ་སྤྲོ་བར་བྱུང༌། སྡེ་པ་བཀའ་ལུམ་མ་བཞུགས་སྟབས་བཀྲ་ཤིས་བདེ་ལེགས་སུ་འགྲོ་མ་དགོས་ཀྱང༌། ཆེ་གཉེན་མང་པོར་འགྲོ་དགོས་བྱུང་བས་སུན་པར་བྱུང༌། འབུལ་ནོད་ནི་ཚད་ལས་འདས་པར་བྱུང༌། དགེ་སློང་ནམ་མཁའ་རྒྱལ་མཚན་མཚོ་ཁ་ནས་ཕེབ་པའི་ཇ་མར་ལྟོས་ཆེ་བ། གོས་ཡུག་རྟ་སོགས་འཕྱོས་མ་ཆེ། ཨེར་ཏི་ནི་སྦོ་ཤོག་ཐུས་ཀྱང་རྟ་དང་གོས་ཆེན་སོགས་བྱུང༌། དེ་ནས་ཚག་གུར་དུ་ཞག་གཉིས། ནང་ལྷོར་ཞག་གཅིག །སྣོན་དུ་ཞག་གཉིས་རྣམས་འགོར་བས་རང་གནས་སུ་འབྱོར། བསམ་ཡས་རབ་བྱུང་ནས་ཡང་བསྐྱར་བྱུང་བར་ཟླ་བ་དང་པོའི་མཇུག་ཏུ་འོང་བར་ཁས་བླངས། ཚེས་བཅོ་བརྒྱད་ལ་བཏེག་པས་དེ་ནུབ་སྦྲགས་མདར་བསྡད། སང་ཉིན་ལྡིང་དཔོན་གྱིས་གྲྭ་རབ་མདར་གྲོ་བཏེག་པའི་ཟུར་ཁང་དུ་དྲུང་འཚོ་ཀུན་དགའ་རྒྱལ་མཚན་ལགས། བཀའ་བཅུ་ཀུན་བཟང་དོན་གྲུབ་བཅས་གསོལ་ཇ་དང་རྟ་བསུར་ཕེབ། ཤར་མར་དབུ་རྩེར་དྲུང་འཚོ་ལགས་ཀྱི་ཤག་ཏུ་སྡོད་ས་བྱས། ཉི་མ་གཉིས་ཉེ་བསྡོགས་བྱས་ནས་ཆུ་སྟག་ཧོར་ཟླ་དང་པོར་རང་ལོ་རེ་དགུ་པར་སླེབས་པའི་ཉེར་གཅིག་གི་གཟའ་ཚེས་ལོ་པཎ་རྒྱལ་བློན་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་སྟན་ཆགས་པ་དབུ་