[A:༦༠༢]རྩེའི་བར་ཁང་གཡུ་ཞལ་དུ་འདུས་པའི་གཙོ་བོ་གནས་གསར་དབོན་རིན་པོ་ཆེ་ཀུན་དགའ་ལེགས་པའི་འབྱུང་གནས། ཤིང་མང་དཔོན་སློབ་སངས་རྒྱས་རྒྱལ་མཚན། ཆོས་འཁོར་གནས་དཔོན་སློབ་ཟུར་པ། གཞི་པ་དཔོན་སློབ་ཕུན་ཚོགས་ལེགས་ལྡན་སོགས་བླ་མའི་ཚོགས་དང༌། གཞི་པ་དྲུག །ར་བ་སྨད་རབ་འབྱམས་པ་ངག་དབང་ཚེ་བརྟན། ཚ་པ་དབོན་པོ། བྱམས་གླིང་སྒྲུབ་སྡེ་བ་བདུན། བྱེ་རྫིང་ཚོགས་པ་བཅུ་གཅིག །བཀྲ་ཤིས་ཆོས་སྡེ་པ་བཞི། རྨོར་པ་གཉིས། སེ་ར་བ་གཉིས། མདོ་གླིང་པ་བཅུ་གཅིག །རི་བོ་བདེ་ཆེན་པ་གཉིས། ཤིང་མང་རབ་འབྱམས་པ་བསྟན་པ་བཀྲ་ཤིས། བཙུན་ཆུང་སློབ་དཔོན་སོགས་གཉུག་མར་གནས་པ་བརྒྱར་ཉེ་བ་བཅས་ཁྱོན་ཕྱེད་ཉིས་བརྒྱ་སྐོར་ལ། གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་ཁྲིད་ཤིན་ཏུ་སྨིན་པ་ཚོགས་བཤད་སོགས་ཀྱི་བསྲེ་ལྷད་མེད་པ་སྣང་གསུམ་ཞག་བཅོ་ལྔ་སྐོར་དང༌། བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་སྔར་གྱི་སློབ་མ་རྣམས་ཀྱི་སྟེང་དུ་ཞལ་ངོ་བགྲེས་པ་ལགས་སོགས་སྐྱ་སེར་གྱི་འདུས་པ་ཤིན་ཏུ་ཆེ་བར་མཆོད་པའི་རྒྱ་དཔངས་ཆེ་བ་བཅས་བརྒྱུད་པའི་ཁྱད་པར་ཉིས་ལྡན་གྱིས་སེམས་བསྐྱེད། དེ་ནུབ་བར་ཁང་དུ་སློབ་མ་རྗེས་འཛིན་གྲུབ་ནས་བུམ་པ་ལ་བརྟེན་པའི་བསྙེན་པ་ཁ་གསོ་ཞག་བདུན་གྱི་བར་དུ་བྱས། ཐུན་མཚམས་སུ་དཔོན་སློབ་སངས་རྒྱས་རྒྱལ་མཚན་ལ་སྔར་མ་གསན་པའི་དམར་པོ་སྐོར་གསུམ་གྱི་རྗེས་གནང་གི་རིགས་སོགས་ཕུལ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་ཆ་བཅད་པའི་ཉིས་བརྒྱ་སྐོར་དགོས་བྱུང་ཞིང༌། དབང་སྟེགས་ཀྱི་དཀྱིལ་འཁོར་ཀྱང་རྡུལ་ཚོན་བཞེངས་པར་དབོན་རིན་པོ་ཆེ་བཞུགས། ལམ་ཟབ་ཕྱི་ནང༌། བིར་སྲུང་ཕྱི་ནང༌། བླ་མ་རིན་