R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༣
[A:༦༠༣]འབྱུང༌། ཚར་གསུམ་ཁུག་པ་སོགས་བཏང༌། ལམ་དབང་བསྐུར་བའི་ཕྱི་ནང་བསྐྱེད་རིམ། དབང་བཞི་སོ་སོར་ལམ། ལྟ་བ། གྲུབ་མཐའ། འདའ་ཁ་མ། བར་དོ། སྒྱུ་ལུས། རྨི་ལམ་སོགས་ཆད་མེད་དང༌། བླ་མ་བརྒྱུད་པའི་རྣམ་ཐར་གྱི་ལུང་ལ་སྔ་ཆོས་ལ་རྗེས་གནང་གི་རིགས་ཀྱང་མ་ཆགས་པར་བགྱིས། བར་སྐབས་སུའང་ཞལ་ངོ་སྐུ་རྟེན་པར་རྣལ་འབྱོར་མའི་བྱིན་རླབས་ཤར་ཁྲིད། ཉེར་མཁོའི་རྗེས་གནང་རིགས་མང་བར་ཕུལ། སྡེ་པ་ཁྲོ་ཕུ་ནས་དང༌། རབ་བརྟན་རྡོ་རྗེ་ལགས་ལའང་ཚེ་རྟ་ཕྱག་རྡོར་སོགས་ཕུལ། བར་བར་དུ་སྲང་ཁ་གནང༌། སྲང་མདོ་བ། བུ་ཚལ། ཆུ་འཁོར་བ་སོགས་མང་པོར་ཡང་ཚེ་དབང་སོགས་ལ་ཕྱིན། སློབ་མ་རྣམས་ཀྱིས་ཚེ་དཔག་མེད་ཀྱི་ཆོ་ག་དང་འབྲེལ་པའི་བརྟན་བཞུགས་ཇོ་བོའི་སྐུ་མདུན་རབ་བྱུང་བའི་ཚོགས་ཁང་དུ་རྒྱས་པར་འབུལ་བ་གནང༌། སྔ་ཕྱི་ཕྱོགས་འདུས་དང་གཙོ་བོར་རབ་བྱུང་པ་ཐམས་ཅད་ཀྱིས་གསེར་དངུལ། གོས་དར། སྐུ་འདྲ། རྡོར་དྲིལ་སོགས་ཚད་འདས་འབུལ་བ་གནང་བྱུང༌། ཞལ་ངོ་སྐུ་རྟེན་པ་ལགས་ཀྱིས་ལྕོག་ཏུ་སྐུ་འདྲ་གསར་བཞེངས་གནང་བར་རབ་གནས་ལ་འབོད་པ་གནང༌། རབ་བྱུང་དབུ་མཛད་སོགས་ཉི་ཤུ་སྐོར་གྱིས་ཀྱེ་རྡོར་ལ་བརྟེན་པའི་རབ་གནས་ཉིན་གང་མ་རྒྱས་པར་བྱས། རབ་སྟོན་འབུལ་བ་ཧ་ལས་པར་བྱུང༌། ཚོགས་པ་ཐམས་ཅད་ལ་བྱིན་རླབས་སྔོན་དུ་འགྲོ་བའི་རྣལ་འབྱོར་མའི་ཁྲིད་རྒྱས་པ་བདུན་ཕྲག་གཅིག་གི་བར་བྱས། དགེ་སློང་བསམ་འཕེལ་སོགས་གྲྭ་ཚང་གི་གྲྭ་པ་བདུན་ཙམ་ཡོད། ངེད་རང་གིས་མཁན་པོ། དཔོན་སློབ་སངས་རྒྱས་རྒྱལ་མཚན་གྱིས་ལས་སློབ།