[A:༦༠༤] ཆོས་འཁོར་དཔོན་སློབ་ཀྱིས་གསང་སྟོན། བཞི་པ་དཔོན་སློབ་ཀྱིས་དུས་བསྒོ་བ། དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་དྲུང་འཚོ་ལགས་ཀྱིས་ཁ་སྐོང་གནང་ནས་དབོན་རིན་པོ་ཆེ་གཙོ་བོར་གྱུར་པའི་སྒྲུབ་ཚོ་བཅུ་གཉིས་ལ་བསྙེན་རྫོགས་བྱས། དགེ་ཚུལ་བརྒྱད་ཅུ་སྐོར་བསྒྲུབས། འཛུགས་སྟོན་དྲུང་འཚོ་ལགས་ཀྱིས་རྒྱས་པ་དང༌། གྲོལ་སྟོན་བཀའ་བཅུ་ཀུན་བཟང་དོན་གྲུབ་ཀྱིས་ཞུས། དྲུང་འཚོ་ལགས་ཀྱིས་སྨན་རྒྱལ་གྱི་སྐུ་རྒྱ་ནག་མ། བླ་བྲེ་འགངས་ཆེ་བས་གཙོས་པའི་འབུལ་དཔངས་ཆེ་བ། བཀའ་ཀུན་དོན་གྱིས་དངུལ་དང་ཇ་འཁོར་དྲུག་སོགས་དཔངས་མཐོ་བ། བཀྲ་ཤིས་རབ་བརྟན་གྱིས་ཆོས་ཞུ་བ་ཐམས་ཅད་ལ་སྟོན་མོ། སྟོད་ཇའི་འགྱེད་འབུལ་དཔངས་མཐོ་བ། གྲྭ་པ་སོ་སོས་སྤྱི་མཇལ་སྒེར་མཇལ་སོགས་ཤིན་ཏུ་ཟབ་པར་བྱུང༌། རྣམ་སྲས་གླིང་ནས་འོང་དགོས་ཚུལ་གནང་ལྟར་ཁས་ལེན་ཞུས་ནས་ཕྱིན། སྒ་མཁན་གྱིས་སྒ་གསར་བཟོས་བྱས་པར་ཞལ་ངོ་སྐུ་རྟེན་པ་ལགས་ཀྱིས་སྒ་ཆས་ཆ་འགྲིགས་ཁ་ཁེབས་དང་བཅས་གནང་ནས་གནམ་གླིང་དུ་བསྟོད་དགོས་གནང་ཞིང་བསྟད། གནམ་གླིང་དུ་ཞག་གཉིས་བསྡད། ཞལ་ངོ་རྣམས་ལ་ཚེ་རྟ་བརྒྱ་ཚར། རྣམ་འཇོམས་ཀྱི་བྱབས་ཁྲུས། ཕྱག་མཛོད་དུ་ཛམ་ལྷ་དང་དབྱུ་གུ་མའི་རྟེན་འཛུགས་རྒྱས་པར་ཞུས། ཕྱུག་པོ་དགོན་པ་བ་གྲངས་བཅད་ལ་ཀུན་རིག་གི་དབང་ཆ་གཉིས་བསྐུར། སྔ་སོར་འདི་གའི་དཔེ་ཆ་འཁྱར་བ་པུསྟི་གསུམ་ལག་ཏུ་བྱུང༌། དཔོན་གཡོག་ཐམས་ཅད་ནས་བསྙེན་བཀུར་ཟབ་པ་དང༌། ལགས་དཔལ་སྐྱབས་ཀྱི་ནང་དུ་ཚེ་རྟ་བཀའ་བསྒོ་སོགས་བྱས་ནས་བསམ་ཡས་རང་དུ་སླེབ། སང་ཉིན་མཆོད་རྟེན་དམར་པོ་ཤོག་གནང་ལྟར་ཕྱིན། ཞལ་ངོ་རྣམས་ལ་ཚེ་རྟ་