R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༠༦
[A:༦༠༦]ནུབ་སྒྲགས་མདར་བསྡད། སང་ཉིན་རྡོར་བྲག་གཉེར་པ་ཆུ་སོ་ཁར་ཇ་དང་བཅས་པའི་ཀླུ་སྡིངས་སུ་དཀར་སྤྲོ་རྒྱས་པར་འདུག །དེ་ནས་ཞག་གཉིས་ངལ་བསོས། ལྷ་སར་ཕྱིན་པའི་ཡར་ལམ་སྣོན་དུ་ཞག་གཅིག་བྱས་ནས་བཀྲ་ཤིས་བདེ་ལེགས་སུ་ཕྱིན། སྡེ་པ་བཀའ་བློན་ཡབ་སྲས་ཐམས་ཅད་ལ་ཚེ་དབང༌། རྟ་མགྲིན་གྱི་རྗེས་གནང་ཕུལ། སྡེ་གཟིམས་རྒྱལ་པོའི་གནོད་པ་ཡིན་འདུག་པས་གསོལ་མཆོད་དང་བཀའ་བསྒོ་ཕུལ་བས་དྭངས་སྐྱེད་ཆེ་བར་བྱུང༌། ཞག་གསུམ་ཐོག་བཀྲ་ཤིས་བདེ་ལེགས་སུ་རྒྱལ་ཕུར་འགྲུབ་སྦྱོར་འཛོམས་ཐོག་གཞུང་གི་དམར་པོ་སྐོར་གསུམ་གྱི་འཁོར་ལོ་མཁྱེན་རབ་ལགས་མཚམས་འོག་ཏུ་བཞག་པའི་ཕྱག་བྲིས་རུང་བར་གནང༌། རྟགས་ཀྱང་ཤིན་ཏུ་ལེགས་པར་བྱུང༌། བདུན་གཅིག་གི་བར་སྒྲུབ་པ་ཚུལ་བཞིན་བགྱིས། རབ་གནས་ཀྱང་གཞན་གྱིས་རྒྱས་བཀབ་མ་ཡིན་པར་སོ་སོའི་ལུགས་ལྟར་བགྱིས་ནས་དངུལ་གྱི་མགུལ་གྭ་བསྔགས་བཟོས་གནང་བར་བཅུག །གཟའ་ཚེས་ལེགས་པར་ཕུལ་ཞིང༌། གྲོལ་མཁར་སྡེ་པ། གཟིམས་དཔོན། བཀའ་བློན་གཉིས་བཅས་པར་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཀྱང་ཕུལ། དེ་གྲོལ་ནས་སྡེ་པ་གཟིམས་དཔོན་ལགས་ཀྱི་སྐུ་རིམ་དུ་སྒྲོལ་དཀར་དང་རྟ་མགྲིན་གཉིས་སྔ་དྲོ་ཕྱི་རེད་བགྱིས་པའི་བདུན་གཅིག་བྱས་གྲོལ། སྡེ་པ་གཟིམས་དཔོན་ལགས། སྡེ་པ་བཀའ་བློན་གུང༌། སེ་པེ་བཅས་པར་སྒྲོལ་དཀར་གྱི་ཚེ་དབང་དང༌། རྟ་མགྲིན་གྱི་བྱིན་རླབས་ཕུལ། དེ་ནས་སྡེ་པ་རྡོ་རྗེ་རྒྱལ་པོ་ལགས་ཀྱི་གཟིམས་ཁང་དུ་ཞག་ལྔ་བསྡད། ཚེ་དབང༌། འཇམ་དཔལ་ནག་པོ། ཁྱུང་ཁྲའི་རྗེས་གནང་རྣམས་ཕུལ། རྣམ་འཇོམས་