[A:༦༠༧]དང་སྨེ་བརྩེགས་ཀྱི་བྱབས་ཁྲུས་རྒྱས་པ་ཉིན་རེ་བཞིན་རེ་མོས་ཀྱིས་ཕུལ། ཚུར་ལམ་ཟུར་ཁང་དུ་འོང༌། ཨིར་ཏི་ནི་སྦོ་ཤོག་ཐུས་བླ་བྲང་རྙིང་པར་བོས། ཤ་སྟོན་དང་དངུལ་སྲང་བཅུ། ཁ་བཏགས་སོགས་བྱིན་བྱུང༌། ང་ཕོད་ནོར་ནོར་ལགས་གཤེགས་པའི་བྱང་བཞུ་ཞུ་དགོས་བྱུང་བར་དངུལ་སྲང་བཅོ་ལྔ། ཆུང་ཇ་འཁོར་དྲུག་མ། གོས་ཆེན་གྱི་རྩག་པ་སོགས་དཔངས་ཆེ་བར་འདུག །ར་མཐིལ། རམ་པ་ཁང་གསར་སོགས་སུའང་འགྲོ་དགོས་དང༌། ཆུ་བཟང་ནས་ཚངས་དབྱངས་རྟ་མགྲིན་ཕེབ་པར་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས་ཁྲིད་ཤར། རྣམ་འཇོམས་ཀྱི་བྱབས་ཁྲུས་རྣམས་ཕུལ། གསེར་དངུལ་གོས་ཡུག་སོགས་དཔངས་མཐོ་བར་འདུག །དེ་ནས་བཀའ་བློན་ཞལ་ངོ་གཉིས་ནས་གསེར་དངུལ། ཇ། མར་ལྟང་སོགས་དཔག་མེད་བྱུང་བ་རྙེད་པ་འཚོལ་མཁན་གྱི་དཔེ་ཐུབ་པར་བྱུང༌། རིམ་གྱིས་ཏ་ནང་ལྷོ། སྣོན་རྣམས་སུ་ཚེ་རྟ་བྱབས་ཁྲུས་ཕུལ། འཕྲེང་གོང་གསལ་སྒང་དུ་གདུགས་དཀར་གྱི་རྗེས་གནང་བགྱིས་ནས་རང་གནས་སུ་སླེབས། འདི་དག་གི་སྔ་ཕྱི་ཐམས་ཅད་དུ་ལྷོ་བྲག་པ་བཀའ་བཅུ་ཀུན་དགའ་བསམ་འགྲུབ་ཀྱིས་ལམ་འབྲས་སློབ་བཤད་པུསྟི་ཆེ་བ་གཉིས། ཚོགས་བཤད་པུསྟི་ཆེ་བ་གཅིག །ཆོས་འབྱུང་བརྒྱ་རྩ་པུསྟི་གཅིག རྗེས་གནང་པུསྟི་གཉིས། འཇིགས་བྱེད་ཀྱི་ཚར་པོད་པུསྟི་གཅིག །བརྟག་གཉིས་གསེར་གྱི་པོད་ཆུང་གཅིག །གསེར་ཆོས་པུསྟི་གཅིག །རྡོ་རྗེ་ཕྲེང་བའི་མཛེས་རྒྱན་རྣམས་བཞེངས། གུང་ཐང་གྲགས་པ་དོན་གྲུབ་དང༌། བསྟན་འཛིན་རིག་འཛིན་བཅས་འོང༌། ར་བ་སྨད་དཔོན་