[A:༦༠༨]སློབ་ཟལ་ཕུ་ནས་ཕེབ་པའི་ལས་སློབ་དང་གསང་སྟོན་སྦྲགས། སངས་རྒྱས་རྒྱ་མཚོ་དང་ཀུན་དགའ་བསྟན་འཕེལ་བཅས་ཁ་སྐོང་བྱས་ནས་གུང་ཐང་པ་གཉིས་ལ་བསྙེན་རྫོགས་བྱས། རྒྱ་མཚོ་མདོ་ཁམས་སྤོ་བོ་ནས་འཁོར་བའི་སྔར་མ་ཐོས་པའི་ཚར་ལུགས་ཀྱི་ཆོས་བཀའ་གང་ཐོབ་དགོས་ཚུལ་བྱུང༌། ལྷ་ས་ནས་དཔལ་ལིའི་ཚེ་སྒྲུབ་བདུན་གསུམ་དགོས་པ་འཕྲལ་རང་དུ་ཚུགས་དགོས་བྱུང་གཤིས་ར་བ་སྨད་དཔོན་སློབ་དང་རྒྱ་མཚོ་མཚམས་འོག་ཏུ་བཞག །མཚམས་བསྡམས། དེ་ནས་སྐྱིད་གཤོངས་ནས་དཔོན་སློབ་ཀྱང་ཕེབ། རྣམ་སེར་དྲུང་ཆེན་གཤེགས་པའི་སྲེག་ཆོག་སོགས་ལ་འོང་དགོས་ཚུལ་བྱུང་ཡང་མཚམས་དང་ཐུག་པས་འགྲོ་མ་ཐུབ། དཔོན་སློབ་རྒྱ་མཚོ་བཅས་ལ་མགོན་པོའི་སྙན་བརྒྱུད་པུསྟི། ཁ་སྐོང་པུསྟི། མེ་འབར་མ་རྣམས་ཀྱི་ལུང་བཀླགས། ཆབ་ནག་རི་བོ་དགའ་ལྡན་གྱི་མཁན་པོ་ཟུར་པ། སེར་དཔོན་སློབ་ཆོས་མཛད། རབ་འབྱམས་པ་མགོན་པོ། བདུད་འཇོམས་གླིང་པ་བློ་བཟང་ཕུན་ཚོགས་བཅས་ལ་འཁོར་ལོ་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་རས་བྲིས་ལ་བརྟེན་པ། རྣལ་འབྱོར་མའི་བྱིན་རླབས་སྔོན་དུ་འགྲོ་བའི་ཁྲིད་སྨིན་པར་ཞལ་ཤེས་ཀྱིས་བརྒྱན་པ། ཡབ་ཡུམ་ཐུན་མོང་མ་ཡིན་པའི་འཕོ་བ་རྣམས། གོང་སྟེང་དུ་མགར་རྩེ་བསམ་གཏན་ཆོས་འཁོར་བའི་བཙུན་མ་བརྒྱད། བཀའ་ཕུན་ཚོགས་གྲགས་པ་བཅས་ལ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ། སྤྱན་རས་གཟིགས་ཀྱི་རྗེས་གནང༌། ཚེམས་བུ་ལུགས་ཀྱི་དམར་ཁྲིད་རྒྱས་པ། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། ཡང་ཤེལ་གྲོང་པ་ཨའོ་བསྟན་འཛིན་ཅན་ལ་འཆི་