[A:༤༦༦]མུར། བཙུན་མ་རྒན་མོ་དད་མོས་ཆེ་བ་ཞིག་ཡོད་པ་དེས་ཆང་ཞིག་ཁྱེར་འོངས་པ་ནས་ཕོར་ཆུང་གང་བྱིན་འདུག་པས་ཅུང་ཞིག་དྲན་པ་རྙེད་བྱུང་བར་ཐམས་ཅད་དགའ་བ་ཐོབ། དེ་ནུབ་རྨི་ལམ་དུ་ཕ་རིག་འཛིན་ཆེན་པོ་དང་མཇལ་ནས་ཞལ་དུ་མིད་པ་གནང༌། སྐུའི་ལྟོ་བར་ཡུན་ཅུང་ཞིག་བསྡད་པའི་སྣང་བ་ཤར། སྐུའི་གསང་བ་ནས་ཐོན་པར་རྨིས། གཉིད་སད་འཕྲལ་ལུས་ཀྱི་ནད་ཐམས་ཅད་སྦྲུལ་ཤུན་བརྗེས་པ་ལྟར་གར་སོང་མེད་པར་སོང་འདུག་པས། འདི་རྨི་ལམ་རང་ཡིན་ནམ་སྙམ་པའི་ངང་ནས་དེ་སྔ་ཕན་ལག་པ་ནས་འཐེན། མདོ་ལེའི་སྟེང་ལ་ཁྱེར་དགོས་ཀྱིན་ཡོད་ཀྱང༌། ཧར་ཏེ་ལངས། ཕན་ཚུན་དུ་ཕྱིན་པས་གོམས་པ་ལྔ་དྲུག་ལ་ཐོགས་མེད་འགྲོ་ཐུབ་པ་བྱུང༌། ནམ་འདི་ད་ལྟར་རང་ལངས་ན་དགའ་བ་སྙམ། གཉིད་ཀྱང་མ་བྱུང་བའི་ངང་ནས་ནམ་ལངས་མ་ཐག་ཁྱོར་ཁྱོར་ཕྱིན་པས་སྐས་གདང་བུ་དགུ་ཙམ་ཡོད་པ་དེར་ཡང་ཐོགས་མེད་དུ་འགྲོ་ཐུབ་པ་བྱུང༌། ཕ་མ་གཉིས་ཀྱི་དབུ་གནང་བ་ཐམས་ཅད་ནུ་བོ་འདས་པའི་ཐུགས་ཁྲལ་ཡང་བསངས། བློ་ལམ་དུ་ཚུད་པས་ཤིན་ཏུ་དགྱེས་པའི་གཏང་རག་རྒྱས་པར་གནང་གིན་འདུག །བླ་མ་ཐུགས་རྗེ་ཅན་གྱི་སྐུ་དྲིན་ལས། །འཆི་བདག་ཁ་རུ་ཚུད་པའི་དེའུར་ཐར། །ད་ལྟའི་བར་དུ་བདེ་བར་གནས་འདི་ཡང༌། །སྐྱབས་མགོན་བསླུ་བ་མེད་པའི་ཐུགས་རྗེ་ལགས། །དེའང་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་ཐར་དུ། སྡུག་པོ་དངོས་སུ་བྱུང་བ་དེས་ཆོག་གིས། །སྡུག་གཏམ་ཡི་གེར་བྲིས་ལ་དགོས་པ་མེད། །ཅེས་གསུངས་པ་ལྟར་དུས་འདི་དག་གི་བསམ་མནོ་བཏང་ན་སྡང་བའི་དགྲའང་མཆི་མ་འཆོར་བ་ཡོད་ནའང་དགོས་པ་མི་འདུག་པས་བསྐྱུར་གཞག་གོ །དེ་ནས་རང་ལོ་ཉེར་བདུན་པའི་མཇུག་ཏུ་སྔ་སོར་ནི་གསུང་ངག་ཞུ་བའི་སྤྲོས་པ་མ་བྱུང་ཞིང༌། ད་བསམས་