[A:༦༡༠]པའི་སྐུ་དང༌། སྒེར་པ་རྗེ་དཔོན་རིན་པོ་ཆེ་ཕེབ་པར་ཚེ་དབང་གྲུབ་རྒྱལ་ལུགས། རྡོ་རྗེ་གདན་པའི་ཆོས་དྲུག་གི་ནང་ཚན་འོད་ཟེར་ཅན་མ་གཙོ་རྐྱང་གི་རྗེས་གནང་ལུང་བཅས། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་རྣམས་ཕུལ་ཞིང༌། རྗེ་བཙུན་སྒྲོལ་མའི་གསེར་སྐུ། ཁ་བཏགས་ཆེ་ལེགས། དངུལ་གྱི་མཎྜལ། གསེར། ཐེར་སྲབ། གོས་ཡུག་སེར་པོ་སྤུས་ལེགས། གོས་ཆེན་གྱི་པང་ཁེབས་སོགས་དཔག་མེད་བསྟར། ཁུ་ཐུག་ཐུས་ཀྱང་ཁ་བཏགས་དངུལ་སོགས་རྙེད་པ་མང་དུ་བསྟར་རོ། །དགེ་སློང་ཚུལ་ཁྲིམས་རྒྱ་མཚོ་ལགས་བཀའ་བཅུ་ཀུན་དགའ་བསམ་འགྲུབ་བཅས་ལ་ལས་གཤིན་ཕྱི་ནང༌། ཚེ་དཔག་མེད་འཆི་བདག་འཇོམས་པའི་དབང་ལུང་བཅས་ཕུལ། ཧོར་ཟླ་བརྒྱད་པར་རྣམ་སྲས་གླིང་ནས་སྤྲུལ་སྐུ་མཁར་ཁྱིམ་པ་བོས་པས་དངུལ་བུམ་ཆ། དངུལ་གྱི་མཎྜལ། ཀ་ལི་ནང་ཤན། ཁེབས། སྟེགས། མཆོད་ཀོང་སོགས་གསར་དུ་བཟོས། ལྷ་སར་ཨེམ་ཕྱི་རག་ཁ་ཆུ་འཁོར་བས་དུས་གསུམ་སངས་རྒྱས་སོགས་སྐུ་བཅུ་ཙམ་བཞེངས་པར་གཟུངས་འབུལ་རབ་གནས་སོགས་ལ་ཕྱིན། དེ་ཞོར་དུ་ནག་ཚང་བྱང་དུ་བཀའ་བློན་སོ་སོའི་སྐུ་ཞབས་སུའང་ཞག་ཤས་བསྡད། ཚེ་རྟ་དང༌། མདོ་མཁར་ནས་ཞབས་དྲུང་ཚེ་རིང་དབང་རྒྱལ་ཕེབ་པར་བདེ་མཆོག་ལཱུ་ཧི་པའི་དབང་དང་རྣལ་འབྱོར་མའི་བྱིན་རླབས་སྔོན་དུ་འགྲོ་བའི་ཁྲིད་སྨིན་རྒྱས་ཕུལ། སྡེ་དགེ་བ་ལྷུན་གྲུབ་ཆོས་འབྱོར་བའང་མཉམ་དུ་ཡོད། སྡེ་པ་མཁྱེན་པ་གཞན་དང་མ་འདྲ་གཤིས་དམིགས་པ་རྣམས་ཐུགས་ལ་ངེས་པར་བྱུང་སོང༌། ཐོབ་ཡིག་སོགས་ཀྱི་མགོ་བརྗོད་ལ་