R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༡
[A:༦༡༡]བི་བརྟའང་འཕྲལ་འཕྲལ་དུ་གནང༌། བཀའ་བཅུ་ཀུན་དགའ་བསམ་འགྲུབ་ཀྱིས་ངེད་རང་གི་འཁྲུལ་གཏམ་རིང་མོ་དང༌། སྒྲུབ་ཐབས་བརྒྱ་རྩ་སོགས་ཕྱག་བྲིས་གནང༌། རྣམ་སྲས་གླིང་ལགས་པད་སྐྱབས་བོས་པའི་ཙཀླི་བརྒྱ་སྐོར་སྤུས་གཙང་བར་བཞེངས། བཀྲ་ཤིས་དཔལ་རིའི་ཆོས་མཛད་སྐུ་གཞོན་པ་ངག་དབང་འཇམ་དཔལ་ཕེབ་པར་རྣལ་འབྱོར་མའི་བྱིན་རླབས་སྔོན་དུ་འགྲོ་བའི་ཁྲིད་ཞལ་ཤེས་གསུམ་གྱིས་བརྒྱན་པ་སྨིན་རྒྱས་དང༌། རིག་བྱེད་མ། ཚོགས་བདག །འདོད་རྒྱལ་གསུམ་གྱི་རྗེས་གནང་དང༌། མཁའ་སྤྱོད་མའི་བེའུ་བུམ་ནས་ལུང་མང་བར་ཕུལ། བཀའ་བློན་གུང་སྡེ་གཟིམས་བཅས་ཕེབ་པར་ཚེ་རྟ་བརྒྱ་རྩ་དང༌། བཀའ་བསྒོ་རྒྱས་པ་བཅས་ཕུལ་ཞིང་གང་ཅིའི་གསུང་གླེང་བག་ཕེབ་པར་བྱུང༌། དེ་མཚུངས་ཟླ་དཔོན་བློ་བཟང་དར་རྒྱས་ཀྱང་ཕེབ་པར་བྱད་འགྲོལ། ཚེ་རྟ་བརྒྱ་ཚར་སོགས་ཕུལ། སྣོན་དུ་ཆོས་དྲུང་ལགས་རྒྱལ་གདོན་གྱིས་སྐུ་ལྟེམ་པར་ཚེ་རྟ་བརྒྱ་ཚར། བྱབས་ཁྲུས་སོགས་ཕུལ་ནས་ཟླ་བ་བཅུ་པ་འདིའི་ཚེས་ནས་ལོ་བསྟར་གྱི་སྐུ་རིམ་སེར་ཚོགས་བྱས། འདི་ལོ་མདའ་ཕུ་བསམ་གཏན་ཆོས་གླིང་པའང་ཡོད། ཟླ་མཇུག་ཏུ་གཞུང་སའི་སྐུ་རིམ་ཀྱེ་རྡོར་གྱི་ཞི་བའི་སྦྱིན་སྲེག་སྨིན་རྒྱས་བགྱིས་པའི་རྡོར་སློབ་ཏུ་ཕྱིན། ཞག་བདུན་གྱི་བར་བགྱིས། ཟླ་བ་བཅུ་གཉིས་པའི་མགོར་སྦུས་སྡེར་མོ་ཆེ་བའི་ཕ་འདས་པའི་བྱང་ཆོག་བགྱིད་པར་ཕྱིན་ཞིང༌། མར་ལམ་ལྕགས་ཟམ་དུ་སྤྲུལ་སྐུ་རིན་པོ་ཆེར་ཚེ་རྟ་སོགས་ཕུལ། འཕྲེང་སྒོ་ཟུར་ཁང་དུ་རྒྱལ་ཆེན་གྱི་སྐུ་བརྙན་བཞེངས་པའི་གཟུངས་རབ་གནས་སོགས་ལ་ཕྱིན། རྒྱལ་ཆེན་སྐུ་བརླབས་པའི་རྣམ་འགྱུར་མཛད། ཡང་