R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༢
[A:༦༡༢]སྣོན་དུ་ཆོས་དྲུང་ལགས་ཞལ་མ་འཚོ་བའི་ཞུགས་འབུལ་ལ་འོང་དགོས་ཚུལ་ཕེབ་པར་བརྟེན་གཤེགས་བཞུགས་ཐམས་ཅད་ཀྱི་ཐུགས་འདོད་བསྐང་ཕྱིར་འགྲོ་དགོས་བྱུང་བར་ཀུན་རིག་གི་སྒོ་ནས་སྦྱོར་དངོས་མཇུག་ཚང་གི་མེ་མཆོད་རྒྱས་པར་ཕུལ། ཆིབས་ལེགས་པ་སོགས་གནང་སྐྱེས་དམར་བར་བྱུང༌། སྔ་གོང་ནས་ཡང་ཡང་བང་ཕྱིན་གནང་བའི་སྐྱིད་གཤོངས་ར་བ་སྨད་ནས་གྲྭ་དཔོན་སློབ། ཁམས་ནས་འབུལ་དཔོན་ལྷུན་གྲུབ་ཆོས་འབྱོར་སོགས་ཐམས་ཅད་ཀྱིས་རྟེན་འབྲེལ་གྱི་ཁྱད་ནས་བརྟན་བཞུགས་ཤིག་བྱེད་རྩིས་ཡིན་པས་ཅིས་ཀྱང་འོང་དགོས་ཕེབ་པར་བརྟེན་ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་ལ་ཕྱིན། གྲུ་ཁར་སྤྱི་བླ་བྲང་འབུལ་དཔོན་སོགས་ཆིབས་བསུར་འདུག་ཅིང༌། ཚེས་བཞིའི་ཉིན་འདུ་ཁང་དུ་མགོན་པོ་ཚེ་དཔག་མེད་ཀྱི་གསུང་ཆོག་ངེད་རང་གི་གསར་བསྒྲིག་སྟེང་ནས་རྒྱས་པར་གནང༌། སྐུ་གསུང་ཐུགས་རྟེན། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་འབུལ་བ་སོགས་དཔོན་སློབ་ཀྱིས་གསུང་བཤད་རྒྱས་པ་དང་བཅས་སྩལ། ཁྱད་པར་བླ་མ་ལྷུན་གྲུབ་ཆོས་འབྱོར་གྱིས་གསེར། དངུལ། ཇ། དྲེའུ་སོགས་དང༌། བྱམས་པས་ཚོགས་ལ་འགྱེད། སྒེར་འབུལ་རབ་འབྱམས་པ་ངག་དབང་ཚེ་བརྟན་སྤུན་སྟོན་མོ་ཟབ་པ། འབུལ་དཔངས་མཐོ་བ་བཅས་རྟེན་འབྲེལ་ཕུན་སུམ་ཚོགས་པར་བྱུང༌། དེ་གྲོལ་ནས་རྡོ་གཅལ་དུ་ཞོལ་གྱི་ཚེས་བཅུ་པ་ཁག་རྣམས་ཀྱི་སྦྱིན་བདག་མཛད་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བགྱིས་པར་མི་ཚོགས་ཤིན་ཏུ་ཆེ་ཞིང༌། ཆོས་སྐྱོང་ཆེན་པོའང་སྐུ་ཆས་གཟབ་འཆོར་བཅས་ཕེབ་ནས། གོངས་ཕེབ་དུས་དང་མཚུངས་པའི་བཀུར་