[A:༦༡༦]རྐྱེན་སེལ་དུ་སྒྲོལ་དཀར་གྱི་འཆི་བསླུའི་སྦྱིན་སྲེག་དགོས་ཚུལ་ནན་ཆེས་པར་ཐུན་མཚམས་སུ་བགྱིས་པར་ངོ་ཤིན་ཏུ་ཆེ་བ་བྱུང་འདུག །རྒྱལ་ཡུམ་སྐུ་ཞབས་ནས་མར་ལམ་ལྷ་ཀླུའི་དགའ་ཚལ་དུ་ཚེ་དབང་དང་བྱད་འགྲོལ་བྱེད་པ་དང་བཅས་ཞག་གཉིས་མ་བསྡད་པས་མི་འོང་ཕེབ། འོང་གདོང་ཆོས་རྗེ་ལགས་ཀྱིས་སྦུགས་ཆོལ་རྙིང་མ་དང༌། སིལ་སྙན་ལེགས་པ། གོས་དར་ལ་སོགས་པ་དཔག་མེད་སྩལ། ཆོས་རྗེ་ལགས་ཀྱང་ཕེབ་པས་དགའ་ཚལ་ཏུ་ཤར་མར་ཕྱིན། ཞག་གཉིས་ཀྱི་བར་ཚེ་དབང་བརྒྱ་ཚར་དང༌། བྱད་འགྲོལ། ཐང་ལྷའི་སྲོག་གཏད་སོགས་ཕུལ་བས་སྐུ་དྭངས་བསྐྱེད་ཀྱང་ཆེ་བར་བྱུང་ཞིང༌། ཧུ་ཇ་འཁོར་དྲུག །གོས་ཡུག །ལིང་ཡུག་སོགས་དཔངས་མཐོ་བར་གནང༌། ཤིན་ཏུ་དགྱེས་པར་གྱུར། དེ་ནས་དཔལ་འབྱོར་རབ་བརྟན་དུ་ཕྱིན། ཞག་གཉིས་ཀྱི་བར་ཚེ་རྟ་བརྒྱ་ཚར་ཕུལ་བའི་མུར། ལྷ་ཀླུ་དགའ་ཚལ་དུ་རྒྱལ་ཡུམ་སྐུ་ལྟེམ་དུ་སོང་བས་ད་ལམ་འཕྲལ་མར་འགྲོ་དགོས་པའི་གོང་ཞབས་རིན་པོ་ཆེའི་བསླབ་སྟོན་བསྒྱུར་བར་སྡེ་པ་ཕུག་ནས་ཕེབ་པར་སྐུར་ཉིན་པ་རང་མེད་ན་ཚེས་གྲངས་དང་གང་སའི་རྟེན་འབྲེལ་བཅས་སང་ཉིན་ཡོང་དགོས་ཞུས་པས་དེ་ག་ལེགས་ཚུལ་ཕེབ། སང་ཉི་ཤར་ལ་ཕྱིན། སྐུ་ཞུད་ཀྱིས་ལྟེམ་བབས་ལྕི་བར་འདུག་པར་ཐོག་མར་ཚེ་རྟ་བརྒྱ་ཚར་ཕུལ། རེ་ཞིག་སྡོད་དགོས་ཕེབ་པས་བཀའ་ལྡོག་མ་ནུས། སྟེང་གི་གཟིམས་ཆུང་དུ་བསྡད། ཉིན་བསྟར་གྱི་བྱབས་ཁྲུས། ཚེ་དབང་རིགས་མི་གཅིག་པ། རྗེས་གནང་གི་རིགས་སོགས་ཆག་མེད་དུ་ཡུམ་སྲས་ལྷན་དུ་ཕུལ། སྐུ་ཁམས་ཀྱང་རིམ་བདེ་བྱུང་ཀྱང་ཞག་བཅོ་བརྒྱད་སོང་ནུབ་རྐྱེན་གདོན་ཞུད་ལྟ་བུས་