R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༨
[A:༦༡༨]ཁྲོལ་བའི་གསེར་དངུལ། ཇ། གོས་དར། ཆིབས་སྒ། འཁོར་སོགས་རྒྱ་ཆེ་བ་བཀའ་དྲིན་སྩལ། བསམ་ཡས་སུ་རྡོར་ཕྲེང་གི་རིང་སྡོད་གནས་བཟན་ཤིང་སོགས་མཁོ་རྒུའི་ཡོ་བྱད་གང་དགོས་འོང་བའི་བཀའ་དྲིན་སྩལ། ཉིན་དྲུག་གི་ཉིན་དཔལ་འབྱོར་རབ་བརྟན་དུ་ཕྱིན་པའི་ཞག་གཉིས་འགོར་རིང་སྡེ་པ་སོ་སོའི་ཞལ་ངོ་རྣམས་ལ་ཚེ་རྟ་བརྒྱ་ཚར་ལན་གསུམ་ཕུལ། རག་ཨེམ་ཕྱི། སྤྲོ་སྡེ་ཁང་གསར། ཀུན་བཟང་རྩེ། རམ་པ་ཁང་གསར་རྣམས་སུའང་ཉིན་འཁོར་གྱི་ཚེ་རྟ་སོགས་བགྱིས་དེ་ནས་བཀྲ་ཤིས་བདེ་ལེགས་སུའང་ཞག་གཉིས་འགོར་རིང་ཞལ་ངོ་རྣམས་ལ་ཚེ་རྟ། བྱབས་ཁྲུས་སོགས་བརྒྱ་ཚར་ཕུལ། སྡེ་པ་བཀའ་བློན་གཉིས་ཆར་ནས་ཇ་འཁོར་དྲུག །གོས་ཡུག་སོགས་དཔག་མེད་གནང༌། འདོད་ཡོན་ཁོ་ན་དོན་དུ་གཉེར་བ་རྣམས་ལ་འདི་རིགས་ཤིན་ཏུ་མཁོའང་མཁོ་སྟེ་བྱུང་ཡང་བྱུང་སྟེ། སྔོ་ནས་སྦྱིན་འབྲས་ཡིན་ན་མ་གཏོགས་སྐུ་ཁྲེས་རེ་ལྗི་རང་བྱུང་སོང༌། དུས་འདི་དག་གི་གནས་ཚུལ་ལ་བསམས་ན་འདི་ཙམ་ཐོབ་སྟེ། ཨེ་མ། སྔོན་བསགས་ཀྱི་ལས་འཕྲོ་མཐུ་བཙན་པས། །ལས་མ་མྱོངས་བྱ་བའི་དགུ་གཅིག་མྱོང༌། །དུས་རེ་འགའ་སྐྱིད་པའི་ཉི་མ་ཤར། །དུས་རེ་འགའ་སྣ་ཚོགས་ཀྱི་སྡུག་བསྔལ་མྱོང༌། །དེ་དག་གི་གནས་ཚུལ་ལ་ལེགས་བསམས་ན། །བདེ་བ་རྣམས་དཀོན་མཆོག་གི་ཐུགས་རྗེར་ངེས། །སྡུག་བསྔལ་རྣམས་རང་གི་ལས་འབྲས་ཡིན། །དེ་ཤེས་ན་འདུན་མའི་ཡང་རྩེར་སོན། །དེ་ནས་ལྷ་ལྡན་ནས་ཐོན་ནུབ་སྣེའུ་ནང་ལྷོར་ཞི་བའི་སྦྱིན་སྲེག་དང་ཚེ་རྟ་སོགས་བགྱིས། ཞག་གཅིག་འགོར། མར་ལམ་སྣོན་དུ་ཞག་གཉིས་བསྡད་པས་ཞལ་ངོ་ཚོར་བྱབས་ཁྲུས་ཚེ་རྟ་བརྒྱ་རྩ་སོགས་ཕུལ།