R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༡༩
[A:༦༡༩] འཕྲེང་གོང་གསལ་སྒང་དུ་དབང་བྱས། གུང་ཚིགས་ཐོན་ནས་བྱེ་ལ་བརྒྱུད་རང་གནས་སུ་འབྱོར། ཞག་དགུ་ཙམ་གྱི་རིང་ངལ་བསོས། དེ་ནས་བསམ་ཡས་ཀྱི་ཡང་བསྐྱར་བང་ཕྱིན་བྱུང་བའི་ཚེས་བཅུ་གཉིས་ལ་བཏེག །བློ་གསལ་ཡང་སྐྱེལ་མར་ཡོད་ཅིང༌། རྡོར་བྲག་ཀླུ་སྡིངས་སུ་ཟུར་ཁང་ནས་ཐབ་བསུ་གནང་བའི་རྒྱས་པར་འདུག་ཅིང༌། སྡེ་པ་རྡོ་རྗེ་རྣམ་རྒྱལ་ཡང་ཕེབ་པར་གང་ཅིའི་གསུང་གླེང་འཕེལ་བར་བྱུང༌། འཕྲེང་པོ་མདར་རྡོར་བྲག་གཉེར་ཚང་དགེ་སློང་རྣམས་མཁྱེན་ཇ་འདྲིན་དུ་གནང་བར་ཅུང་ཞིག་འགོར། དེ་ནུབ་སྒྲགས་མདར་ཕྱིན་པས་ལྡིང་དཔོན་དང༌། ལགས་སོགས་རི་གདོང་དུ་ཕེབ་པའི་སྒྲགས་མདའི་རྫིང་གསར་པར་ནས་འཐོར་དགོས་ཚུལ་གསུང་བ་ལྟར་རྫིང་ལ་ཡེ་དྷར་གྱིས་བྱིན་གྱིས་བརླབས་པའི་མེ་ཏོག་གཏོར། དེ་ནུབ་ལྡིང་དཔོན་གྱི་ནང་དུ་བསྡད། སང་ཉིན་སྒྲགས་མདའི་ལྡིང་དཔོན་གྱིས་གྲྭ་རབ་ཀྱི་མདར་གུང་ཚིགས་བསྟར། དེ་ནས་ཟུར་མཁར་དུ་ཞལ་ངོ་སྐུ་རྟེན་པ་ལགས། དྲུང་འཚོ་ཀུན་རྒྱལ་ལགས། བཀའ་ཀུན་དོན། རབ་བྱུང་གཉེར་པ་སོགས་བསུ་བར་ཕེབ་འདུག་ཅིང༌། དེར་གསོལ་ཇ་འདུག་པར་བསིལ་གྲིབ་ཏུ་བརྒྱངས་པར་བཞུགས། རིམ་གྱིས་བཏེག་པས་ཁམས་གསུམ་ན་ཁར་སླེབས་དུས་སུ་རྩེ་ཐོག་ནས་དུང་ཆེན་རྒྱ་གླིང་དང༌། གྲྭ་དམངས་ཕྱོགས་ཀྱི་ཆོས་གསན་པ་དང་བཅས་ཤིན་ཏུ་མང་བས་མདུན་བསུས་ཏེ་ཤར་མར་པེ་ཧར་ལྕོག་ཏུ་ཕྱིན། བླ་མ་ལྷ་ཁང་དུ་སྡོད་ས་བྱས། དེའི་སང་ཉིན་ནས་ཉེར་བསྡོགས་བགྱིས་པའི་ས་གའི་བཅུ་བཞིའི་ཉིན་པེ་ཧར་ལྕོག་གིས་ཁྱམས་སུ་རབ་བྱུང་བའི་མཁན་པོ། མཁན་ཚང་རབ་འབྱམས་པ། དཔོན་སངས་རྒྱས་རྒྱལ་མཚན། ཞལ་ངོ་སྐུ་རྟེན་