R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༦༢༣
[A:༦༢༣]གི་ལུང་བཅས་དང༌། སྒྲུབ་ཐབས་བརྒྱ་རྩ་རྗེས་གནང་དོན་དགུ །པོད་གཞུང་བཅས་སྔར་གྱི་ཆོས་གསན་མི་ཐམས་ཅད་དང་ལྷན་དུ་ཉིན་ལྔའི་བར་ཕུལ། ཉིན་གཅིག་འབྲས་སྤུངས་པ། རི་བདེ་བ། དཔལ་རི་བ། ཆོས་འཁོར་གནས་རབ་འབྱམས་པ་ཀུན་དགའ་སྨོན་ལམ་སོགས་སྒྲུབ་ཚོ་ལྔ་ལ་བསྙེན་རྫོགས་དང༌། དཔལ་རི་བ་སོགས་དགེ་ཚུལ་ཉི་ཤུ་སྐོར་བསྒྲུབས། འདི་ཉིན་ནས་ཅུང་ཞིག་གྲིབ་འཁྲུགས་ལྟ་བུས་ཁམས་མ་བདེ་བ་དང་སྐད་འགགས་པ་བྱུང་བས་ངལ་བསོ་བགྱིད་ཁུལ་བྱས་ཀྱང་རྟ་ར་མདོ་པ་སྡེ་པ་རབ་ཕུན་ཕེབ། རྣལ་འབྱོར་མའི་བྱིན་རླབས་སོགས་འབུལ་དགོས་བྱུང༌། ཚུགས་ནས་མ་གྲོལ་བར་རབ་བྱུང་བའི་གྲྭ་པ་བ་སྒེར་དུ་འཕྲད་མི་ཤིན་ཏུ་མང་བས་བཞེས་སྤྲོའི་རིགས་མང་བ་བཅས་ཡང་ཡང་བྱུང་ཞིང༌། ཀུན་དགའ་བསམ་འགྲུབ་ཀྱིས་ཉིན་བསྟར་ཞོ་མ་ཆད་པར་བྱུང༌། སྦྱིན་བདག་བཀའ་ཀུན་དོན་དང་ཐབས་མཁས་གཉིས་ཀྱིས་བླ་གོས། མཐང་གོས་སོགས་དང༌། བཀའ་བཅུ་པས་དངུལ་སྲང་བཅོ་ལྔ། ཐབས་མཁས་ནས་ཇ་འཁོར་དྲུག་གཉིས། མར་ལྟར་ཆེ་བ་སོགས་དཔག་མེད་བྱུང༌། ཚེས་བཅུ་གཅིག་ལ་བསམ་ཡས་ནས་བཏེག་པས་གྲྭ་དམངས་ཡོངས་རྫོགས། མཁན་ཚང་རབ་འབྱམས་པ། དབུ་ཆོས། སྡེ་པ་རྫོང་དཔོན་གཉིས། སྡེ་པ་ཁྲུས་ཕུ་ནས་བཀའ་ཀུན་དོན། ཐབས་མཁས། དྲུང་འཚོ་ཀུན་དགའ་ལགས། བཀྲས་རབ་ལགས། སྤྱི་ས་ཞལ་ངོ་སྐུ་རྟེན་པ་ལགས་དཔོན་གཡོག་གཉིས་སོགས་སྐྱེལ་མི་ཤིན་ཏུ་མང་བར་ཕེབ་པ་གྲྭ་དམངས་རྣམས་ཁམས་གསུམ་ན་ཁ་བསྒྲལ་བ་ནས་ཕེབ།