[A:༤༦༨]སྒོ་ནས་བཀའ་དྲིན་བསྐྱངས་པ་རྗེ་བླ་མ་ལས་གསུང་གི་བདུད་རྩི་ཐོབ་པའི་ཐོག་མའང་འདི་ཉིད་ཡིན་པས་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་བསྟན་པ་ལ་རང་ངོས་ནས་བྱ་བ་བྱས་པ་ལ་བལྟ་བའི་རྟེན་འབྲེལ་འགྲིག་ཅིང༌། ཚེའི་རྟེན་འབྲེལ་ཡང་འགྲིགས། ཆག་ལུགས་ཚེ་དཔག་མེད་དཀར་པོ། དབྱངས་ཅན་མ་དཀར་མོ་གསུམ་གྱི་རྗེས་གནང༌། འདི་སྐུ་ཞང་གི་ཆོས་ཡིན་ཞེས་གཤེད་དམར་ལྷ་ལྔའི་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་རྒྱས་པ། ཀྱེ་རྡོ་རྗེའི་རྒྱུ་ལམ་གྱི་དབང་རྣམས་སྩལ་ཞིང་ཞག་ལྔར་བསྡད། དེ་ནས་འཕན་ཡུལ་ནང་གི་གནས་མཇལ་རྒྱས་པར་བྱས། ཆག་ལ་བརྒྱུད་སྟག་ལུང་རྭ་སྒྲེང་རྣམས་མཇལ། ཚུར་ལམ་བྲག་སྒོ་མོ་མཇལ། དེའི་ལ་བརྒྱབས་ནས་ཡེར་པའི་གནས་ཞིབ་པར་མཇལ། རང་གནས་སུ་སླེབས། དེའི་དབྱར་གྱི་རིང་རྣམ་རྒྱལ་འཇོམས། སྒྲོལ་དཀར་རྣམས་ཀྱི་བསྙེན་པ་བྱ་རྒྱུད་སྤྱི་རྣམ་གྱི་དགོངས་པ་སོར་བཞག་རུང་བར་བྱས། ལོ་དེའི་ཟླ་བ་དགུ་པའི་ནང་དུ་ར་བ་སྨད་པའི་ཁམས་པ་གཉིས། ངེད་རང་གི་ཚ་བོ་བློ་གསལ་ལོ་བཅུ་འགྲོ་བ་བཅས་ཁྲིད་ནས་སླར་ཡང་ནཱ་ལེནྡྲར་ཕྱིན་པས་གསུང་ངག་འཕྲལ་དུ་མ་ཚུགས་ཀྱང་དེ་བར་སྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ། གྲུབ་ཆེན་བརྒྱད་ཅུ། ཟུར་བཀའ་མང་བ་སོགས་ཆོས་བཀའ་དཔག་ཏུ་མེད་པ་འཕྲལ་འཕྲལ་བཀའ་དྲིན་བསྐྱངས། འོན་ཀྱང་ཟླ་བ་དགུ་ཙམ་གྱི་བར་ཆོས་བསྒུགས་ལ་སྡོད་དགོས་བྱུང་བར་ཆས་སོགས་རྗེ་བླ་མས་བཀའ་དྲིན་བསྐྱངས། གཞན་ཡང་རྩེ་གདོང་ཡུམ་དྲུང་སོགས་ནས་གནང་བས་ཕོངས་པ་མ་བྱུང་ཀྱང༌། གསུང་ངག་གི་འདོད་གདུངས་ཀྱིས་སེམས་ཁྲལ་ཤིན་ཏུ་ཆེ་བར་བྱུང༌། དེ་བར་དུ་སྙེ་ཐང་བྲག་སྣ་བའི་དགེ་སློང་ཕན་བདེ་རྒྱལ་མཚན་གྱིས་སྐར་རྩིས་ཀྱི་རི་མོ་ཁྲིད་པས་