[A:༤༦༩]ཞག་མང་མ་འགོར་བར་ཤེས། དེང་སང་ཞག་པོ་རེ་གཉིས་ཀྱི་རྒྱུན་ཡང་སྡོད་མི་ཚུགས་པར་ཆོས་འཕྲོག་ཐོབ་བྱེད་པའི་ཚོད་ན་དགའ་རབ་ཡིན་སྙམ་པའང་བྱུང༌། དེ་ནས་ཧོར་ཟླ་དང་པོར་གཟའ་ཚེས་བཟང་བ་ནས་བཟུང་གསུང་ངག་རིན་པོ་ཆེ་འཛུགས་པ་གནང་བའི་སྒོ་དོད། དེའང་རྩེ་གདོང་ཞབས་དྲུང་སྐུ་མཆེད་ལ་སློབ་བཤད་དང༌། ཚོགས་པ་བྱིང་ལ་ཚོགས་བཤད་དུས་གཅིག་ལ་གནང་རྩིས་ཀྱི་སྔ་དྲོ་གཟིམས་ཆུང་ཀ་དྲུག་མར་སློབ་བཤད། ཕྱི་དྲོ་འདུ་ཁང་ཆེན་མོར་ཚོགས་བཤད་ཀྱི་ཐུགས་གྲ་སྒྲིག་པ་གནང༌། གོང་ཞབས་རིན་པོ་ཆེ་ནས་སློབ་བཤད་མི་བཅུ་གཅིག་ལས་མང་བར་མི་འགབ་བཀའ་ཕེབ་པར་བརྟེན། བཅོ་བརྒྱད་བླ་བྲང་ནས་ངེད་ཀྱི་རྩར་བླ་མ་བསམ་འཕེལ་བ་གནང་ནས་སང་ཉིན་གསུང་ངག་ཚུགས་རྒྱུ་ཡིན། དེའང་བབས་འདི་བཞིན་ཡིན་པས་སློབ་བཤད་རང་དུ་འོང་རྩིས་ཀྱི་བཀའ་ཕེབ་བསྒྱུར་བྱུང་བས་ས་དང་པོ་ཐོབ་པ་ལྟ་བུའི་དགའ་སྤྲོ་དཔག་མེད་ཐོབ། དེའང་སྔོན་གྱི་ཁ་སྐད་ཅིག་ལ། སྔ་གྲུ་དང་པོ་ཁ་དྲགས་སུ་ཡོད་ཀྱིས་ཁྱེར། བར་པ་ནི་གྲུ་གླ་སུ་ཡོད་ཀྱིས་ཁྱེར། བསམ་པ་གཏད་པ་མི་བདག་ལ་གྲུའི་སྐལ་བ་མེད་ཅེས་པའི་དཔེ་ལྟར། འཕྲེང་པོ་གཞི་བ་དཔོན་སློབ། གསང་ཕུ་མཆོད་ཁང་དཔོན་སློབ། ཆོས་སྡེ་སྲིད་གསུམ་དཔོན་སློབ་རྣམས་ནི་བླ་མའི་ཁུར་བཞེས་ཀྱི་དོག་འཚངས་མཛད། བཅོ་བརྒྱད་རང་གི་ཕྱག་མཛོད་ཀྱིས་གཙོས་དྲུང་འཁོར་རྣམས་ནི་ཁ་དྲག་ངོམས་ནས་དོག་འཚངས་མཛད་འདུག །བྱ་བྲལ་བ་བདག་ནི་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་ཐུགས་རྗེའི་འོད་ཟེར་དང༌། ཕ་བླ་མ་དམ་པ་སྐུ་དྲིན་ཅན་དེས་བརྩེ་བས་མ་བོར་བར་སྙན་འབུལ་ཙམ་ཞུ་མ་དགོས་པར་འབད་མེད་དུ་གནང་བ་ནི་བླ་མའི་ཐུགས་རྗེས་བླ་ལྷག་ཏུ་སྐྱོང་བའི་སྒོ་དང་པོའོ།