R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༦༧
[A:༤༦༧]ན་གསུང་ངག་དེ་དུས་བྱུང་ན་ད་ལམ་ཞུ་བ་མི་འོང་འདུག་ཀྱང་ད་ལམ་འགྲོ་བར་བསྐུལ་བ་འདི་ཕ་བླ་མ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་ཐུགས་རྗེས་བསྐུལ་བར་ངེས། ད་ནི་དལ་འབྱོར་སྟོང་ལོག་མ་བྱུང་བ་ཞིག་ངེས་པར་བྱ་དགོས་པར་འདུག །དེའང་དཔལ་ལྡན་ནཱ་ལེནྡྲ་ན་རྡོ་རྗེ་འཆང་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཉིད་ལས་གཞན་མེད་པར་ཐག་ཆོད་དེ་མྱུར་དུ་འགྲོ་དགོས་བསམ་པ་ལས་གཞན་གང་ཡང་ཡིད་ལ་མ་དྲན། དེ་སྔ་ལོ་བཅུ་དགུའི་སྟེང་དུ་དཔལ་ལྡན་རྨོར་གྱི་བླ་བྲང་དུ་ཀུན་རིག་གི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བསྙེན་པ་ཟླ་བ་བདུན་གྱི་བར་བཤད་ཚོད་དང་མཐུན་པ་ཁ་སྐོང་གི་སྦྱིན་སྲེག་ཀྱང་ཉི་མ་བདུན་གྱི་བར་བྱས་ཤིང༌། ལོ་འདིར་ཡང་རྟ་མགྲིན་གསང་སྒྲུབ་ཀྱི་བསྙེན་པ་ཟླ་བ་བདུན་གྱི་བར་བྱས། དེ་གྲོལ་ནས་ཟླ་བོ་གཉིས་དང་བཅས་འཕན་ཡུལ་དུ་ཕྱིན། བཅོ་བརྒྱད་བླ་བྲང་དུ་རྗེ་བླ་མའི་ཞབས་དྲུང་དུ་བསྙེན། གཙོ་བོར་གསུང་ངག་རིན་པོ་ཆེ་ཞུ་བའི་སྙན་གསན་དང༌། ད་ལམ་གཤེད་དམར་གྱི་དབང་སོགས་ཐུགས་རྗེས་འཛིན་དགོས་ཞུས་པར་ཤིན་ཏུ་དགྱེས་པའི་བཀའ་ལས་རྨོར་གྱི་བླ་མ་རྣམས་དང༌། ཁྱད་པར་ཤེའུ་ལོ་ཙཱ་བ་བཅོ་བརྒྱད་དང་ཐུགས་འབྲེལ་ཤིན་ཏུ་ཆེ་བས་དེའི་དབོན་བརྒྱུད་ཡིན་པར་འདུག་པས་ལམ་འབྲས་ཤིན་ཏུ་འབུལ་སྤྲོ་ཞིང༌། འདི་ལོ་སྟོན་མཇུག་ཙམ་ལ་རྩེ་གདོང་ཞབས་དྲུང་སྐུ་མཆེད་ལ་ལམ་འབྲས་འབུལ་དགོས་ཡོད་པས་དེ་དུས་ཕེབ་པ་དང༌། ད་ལམ་ཐོག་མར་ཚར་ལུགས་དཀར་ལྷ་གསུམ་གྱི་སྒོ་འབྱེད་པ་ཡིན་གསུངས་ནས་དང་པོ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང་འོད་ཟེར་དྲུག་སྦྲགས་ཐུན་མོང་མ་ཡིན་པ་མཆོད་གཤོམ་སོགས་སྤྲོས་པ་ཤིན་ཏུ་ཆེ་བའི་