[A:༤༧༠] །དེའང་ཞིབ་ཏུ་བརྟགས་ན་དེང་སང་གི་དུས་ཕ་བླ་མ་སྐུ་དྲིན་ཅན་དེས་བཀའ་དྲིན་བསྐྱངས་པའང་དེང་སང་གི་དུས་བཅུ་གཅིག་པོ་དེ་དག་གི་ནང་ནས་བདག་གཅིག་པུ་མ་གཏོགས་ཐམས་ཅད་ཀྱི་གསུང་ངག་འཆད་ཉན་གནང་བ་ལྟ་ཅི། བསྙེན་པ་ཙམ་ཡང་མ་གནང་བར་ཕེབ་སོང་བ་ཐུགས་ཀྱི་མེ་ལོང་དུ་ཤར་བར་གདོན་མི་ཟའོ། །ཨ་ཧོ། སྔོན་བསགས་ཀྱི་ལས་འཕྲོས། །ཚར་པ་ཆོས་རྗེ་ཡི་བསྟན་ལ། །རང་བྱུང་འབད་མེད་དུ་ཞུགས་འདི། །སྔོན་བསགས་ཀྱི་ལས་འཕྲོ་རང་ཡིན་པད། །དེའང་རང་ཉིད་སྔ་མོ་ནས་ཚར་ལུགས་ལ་འདྲིས་ཆེ་བ་མེད་པར་མ་ཟད། རྩ་སློབ་ངོར་པ་རང་ཡིན་གཤིས་ངོར་པ་རང་གི་ཁ་འཛིན་དམ་པོ་བྱེད་པ་ཞིག་ཡོད་ཀྱང༌། གྲྭ་ཚང་འགྲིམ་དུས་ཞྭ་ལུ་མཁན་རིན་པོ་ཆེས་ལྷོ་མོས་སུ་ལམ་འབྲས་གནང་བར་འགྲོ་འདོད་ཆེ་བར་བྱུང་ཀྱང༌། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། ཞེས་གསུངས་པའི་དོན་ཐོག་ཏུ་བབས་ཏེ་དགེ་རྒན་དང་ཕ་མ་ལ་སོགས་པས་སློབ་གཉེར་གྱི་སྒང་ལ་མི་དྲན་དགུ་དྲན་མང་པོ་སློབ་གཉེར་མ་ནུས་པ་ཡིན། ལམ་འབྲས་དེའང་ལུགས་གཞན་ཞིག་ཡིན་པར་འདུག །སྡོད་ཚུགས་ན་དགའ་གསུངས་བྱུང་བར། ལུགས་གང་ཡིན་རང་དང་རང་གིས་ཤེས་ཏེ་དབང་མེད་པར་འགྲོ་རྒྱུ་མ་བྱུང༌། དེ་ནས་ཕྱག་རྟེན་དང་བཅས་བཅོ་བརྒྱད་བླ་བྲང་དུ་རྗེ་བླ་མའི་སྐུ་ཞབས་སུ་བཅར། སོར་བཅུ་སྙིང་གར་བཀོད། དད་མོས་ཀྱི་ཤུགས་དྲག་པོ་དང་བཅས་ཐུགས་རྩ་ནས་མ་བོར་བའི་བཀའ་སློབ་རིན་པོ་ཆེ་སྤྱི་བོར་ཕེབ་པས་རབ་དགའི་ས་ཐོབ་པ་ལྟ་བུར་གྱུར་ལགས་ཤིང༌། བདག་གིས་ཡང་ཡང་ཐོབ་པ་ཞིག་མི་འོང་འདུག་ལགས་པས་ཕྱི་དྲོའི་ཚོགས་བཤད་ཀྱང་བཀའ་དྲིན་བསྐྱང་བར་ཅིས་ཀྱང་ཚུད་པ་ཞིག་ཐུགས་རྗེས་འཛིན་དགོས་ཞུས་པར།