R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༡
[A:༤༧༡] མ་གཞི་དེ་ཁ་ལགས་ཀྱང༌། སྙིང་ནས་རང་གི་ཁྲིད་བསྐྱངས་ན་ད་ལམ་སློབ་བཤད་མཐར་ཐོན་ཉམས་ཁྲིད་དུ་བསྐྱང༌། སླར་ཚོགས་བཤད་ཟབ་པ་རང་རེའི་བརྒྱུད་པ་ཐུན་མོང་མ་ཡིན་པ་ཞིག་ཅིས་ཀྱང་འབུལ་ཐུབ་པ་བྱེད་པས་ཐུགས་ལྷོད་པ་གནང་བར་ཞུ། ཞེས་སྐུ་རྩེད་དང་བཅས་ཞལ་འཛུམ་དཔག་མེད་གནང་བྱུང་བས། དེ་ལྟར་ན་ཐུགས་བརྩེ་བ་ནས་མ་ཤོར་བ་དགོས་ཚུལ་ཞུས། དེའི་སང་ཉིན་སྔ་དྲོ་ནས་མཁས་གྲུབ་གུང་རུ་ཤེས་རབ་བཟང་པོ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་རིམ་པར་བྱོན་པའི་གཟིམས་ཆུང་ཀ་དྲུག་མར་རྗེ་བླ་མ་སེང་གེའི་ཁྲི་ལ་ཞལ་ནུབ་ཕྱོགས་སུ་གཟིགས་པའི་དབུ་ཐོག་ཏུ་གདུགས། གཡས་སུ་རྒྱལ་མཚན། གཡོན་དུ་བ་དན། སྐུ་མདུན་དུ་ཆུ་བཞི་སྔོན་འགྲོའི་ཉེར་སྤྱོད་སོགས་སློབ་བཤད་པའི་ཕྱག་ལེན་འཁྲུལ་མེད་ལྟར་བཀོད་མཛེས་སུ་བཤམས་པའི་མདུན་དུ་གཙོ་བོ་རྩེ་གདོང་ཁྲི་ཆེན་སྐུ་མཆེད། འཕྲེང་པོ་གཞི་བ། གསང་ཕུ་མཆོད་ཁང་པ། སྲིད་གསུམ་སློབ་དཔོན་བསླབ་གསུམ་བསྟན་འཛིན། བཅོ་བརྒྱད་རང་གི་ཕྱག་མཛོད་སོགས་མདོར་ན་ཐ་ཆུང་བདག་གིས་མཐའ་བརྟེན་པ་བཅུ་གཅིག་ལ། རྣལ་འབྱོར་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང་གསུང་ངག་རིན་པོ་ཆེ་སློབ་བཤད་ཟབ་མོ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ལེགས་པར་སྲོལ་བཏོད་པའི་སྣང་གསུམ་གྱི་སྐབས་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་གསུང་ངག་བྱུང་ཚུལ་ལ་ངོར་ཆེན་མན་གྱི་རྣམ་ཐར་རྗེ་བླ་མའི་ཐུགས་ཐོག་ནས་གནང་བའི་ལྗགས་བཤད། ཞི་ལྷག་གི་ངོ་སྤྲོད་དམིགས་སུ་ཕུག་པའི་མེ་ཏོག་སྔོན་པོ་འགྱེད་པ་སོགས་ཀྱི་ཕྱག་ལེན་ཕྲ་རགས་ཐམས་ཅད་སླ་ཆོས་སུ་མ་སོང་བར། བླ་མ་ལྔ་བཅུ་པའི་འགྲེལ་པར་ཚར་ཆེན་རྡོ་རྗེ་