[A:༤༧༣]མ་མཆིས། འདི་སྐབས་ཀྱི་དཀྱིལ་འཁོར་ཐིག་དང་ཚོན་བཀྱེ་བ་སོགས་ཀྱི་ཞབས་ཕྱིར་ཡང་འབོད་པ་གནང༌། རྗེ་བླ་མ་སྒྲུབ་མཆོད་གནང་བའི་ཞབས་ཕྱིར་ཡང་སྡོད་ཆོག་པ་བྱུང་བས་སྐལ་བ་མཆོག་ཏུ་བཟང་བའི་བགོ་སྐལ་ཐོབ་པར་གྱུར། དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་ནས་ཚོགས་བཤད་ཀྱི་བཀའ་དབང་ཡང་གནང་བས་ཞག་ཉི་ཤུ་སྐོར་འགོར། སློབ་མ་ཁ་གྲངས་མ་འགྲིགས་པའི་སྐབས་ཐམས་ཅད་དུ་ཕྱིན་པས་རྒྱུ་དབང་ཚར་བརྒྱད་ཙམ་སོང༌། དེ་ནས་སྔར་ལུགས་ལྟར་ཚོགས་སློབ་སོ་སོར་གནང་བའི་འཁོར་འདས་དབྱེར་མེད་ཀྱི་སྐབས་སུ་བཤད་ལུང་ཙམ་མ་ཡིན་པར་རིག་ཐོག་ཏུ་བརྡར་ཤ་ཆོད་པ་སློབ་བཤད་པའི་ལུགས་ལྟར་སེམས་འཚོལ་གཏོང་བ་སོགས་གནང༌། བདག་ཆེན་རིན་པོ་ཆེས་མཛད་པའི་འཁྲུལ་སྤོང་རབ་གསལ་གྱི་སྟེང་ནས་ས་གཞུང་སྤེལ་བའི་བཤད་པ་ཤིན་ཏུ་རྒྱས་པ་སྔགས་ལམ་ལ་འཇུག་པའི་སྔོན་དུ་ཡུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པ། དེ་ནས་ཕྱི་ནང་གི་ཁྲིད་ཤིན་ཏུ་སྨིན་པ་ཚར་ཆེན་རྡོ་རྗེ་འཆང་གིས་མཛད་པའི་རྣམ་བཤད་ཉི་མའི་འོད་ཟེར་གྱི་སྟེང་ནས་སྒྲོ་འདོགས་གཅོད་པའི་གསུང་བཤད་ཤིན་ཏུ་རྒྱས་པ་ལྗགས་ཐོག་ནས་སྩལ། གསང་དབང་གི་ཁྲིད་ཀྱི་ཐོག་མར་སིནྡྷཱུ་རའི་དལ་ལ་བརྟེན་པའི་རྗེ་བཙུན་ཡབ་ཡུམ་གྱི་བྱིན་རླབས་རྒྱས་པར་སྩལ་ནས། ཁྲིད་དངོས་གཞི་རྒྱལ་དབང་རྡོ་རྗེ་འཆང་ཆེན་པོས་མཛད་པ་ལ་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོའི་ཁྲིད་ཡིག་ནས་ཁ་འགེངས་པ་གནང་བའི་དབང་གོང་མ་གསུམ་གྱི་ཁྲིད་གཏུམ་མོའི་དམིགས་རྐང་བཅོ་བརྒྱད། ཡན་ལག་ལྔ་སྦྱོང༌། ལུས་སྦྱོང་ཉི་ཤུ་པ། ཕྲིན་ལས་སོ་གཉིས་པ་སོགས་སོ་སོར་ཕྱག་ཁྲིད་མཛུབ་སྤྲོད། ཞར་བྱུང་བར་