R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༢
[A:༤༧༢]འཆང་ཆེན་པོས་མཛད་པའི་དངོས་གྲུབ་སྒོ་འབྱེད་ཀྱི་སྟེང་ནས་ས་གཞུང་སྤེལ་བའི་ཟབ་བཤད། བདག་ཆེན་རིན་པོ་ཆེའི་ཡི་གེའི་སྟེང་ནས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། དེ་ནུབ་སློབ་མ་རྗེས་འཛིན་སློབ་བཤད་པའི་ལུགས་ལྟར་གནང་བ་ནས་རྗེ་བླ་མ་ཁ་གསོའི་ལྗགས་བསྙེན་ལ་བཞུགས། འཕན་ཡུལ་གཉའ་གོང་ནང་སོས་མཆོད་འབྲུ་དང་སྣུམ་སོགས་མཐུན་རྐྱེན་སྦྱིན་བྱུང་བས་ཞག་བདུན་གྱི་བར་དེར་སྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་བཤམས་པའི་མདུན་དུ་ཅི་འབྱོར་གྱི་མཆོད་པ་ཕུལ། ཉིན་བསྟར་ཡང་མཎྜལ་ཚོམ་བུ་བདུན་པ་སྟོང་ཕྲག་རེ་དང༌། སོ་བདུན་མ་འོས་འཚམས། སྔ་དགོང་བརྒྱ་ཕྱག་རེ་དང་ཡིག་བརྒྱ་ལྔ་བརྒྱ་རེ་མ་ཆག་པའི་ཁུངས་བྱས། དལ་བར་མ་བསྡད་པར་མིག་ལྟོས་ལ་ཕན་རེ་བྱས་ཁུལ་ཡིན། དེ་ནས་སྐུ་མཚམས་གྲོལ་འཕྲལ་བཅོ་བརྒྱད་བླ་བྲང་གི་དབང་ཁང་འཆི་མེད་ཕོ་བྲང་དུ་ཡབ་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དག་བྱ་དག་བྱེད་ཀྱི་དབང་དོན་ངོ་འཕྲོད་པ། ཁྱད་པར་སློབ་དཔོན་གྱི་དབང་སྟེགས་སྟེང་སློབ་མ་རེ་རེ་ནས་གནང་བ་སོགས་སློབ་བཤད་པའི་བཞེད་པ་འཁྲུལ་མེད། ཨཥྟཱའི་བཟླས་ལུང་བཅས་སྩལ། དེའང་རྗེ་བླ་མ་འདི་དབང་གང་དང་གང་གནང་ཀྱང་གཅིག་གོ་གཅིག་གིས་གཅོད་པ་འདི་ཚབ་འདིས་འོང་སོགས་གཏན་མི་གནང་བར་སོ་སོའི་ཕྱག་ལེན་ཕྲ་རགས་ཐུན་མོང་བ་མི་འགལ་ཞིང༌། ཐུན་མོང་མ་ཡིན་པ་མ་འདྲེས་པའི་སྒོ་ནས་གསུང་བཤད་མཐའ་ཆོད་པ་བཀའ་དྲིན་བསྐྱངས་པས་དབང་ཐོབ་ལོ་ཙམ་མ་ཡིན་པར་སོ་སོའི་གྲུབ་མཐའ་འདི་དང་འདིའོ་སྙམ་པའི་ངེས་པ་བརྟན་པོ་རྙེད་པ་འོང་བས་དེང་སང་དབང་གི་རིགས་སྤྱི་དང༌། ཁྱད་པར་སློབ་བཤད་ཟབ་མོའི་གནད་ལ་གཞན་གྱི་དྲིང་མི་འཇོག་པའི་སྤོབས་པ་རྙེད་པ་འདི་གཅིག་པུའི་སྐུ་དྲིན་ཡང་གཞལ་བར་ནུས་པའི་ཚད་