[A:༤༧༤]དོ། རྨི་ལམ། སྒྱུ་ལུས། འོད་གསལ། འདའ་ཀ་མ་དང་བཅས་པ་དབང་བཞི་སོ་སོའི་མཇུག་ཏུ་ཆ་ཚང་བ་སློབ་བཤད་པའི་ལུགས་མ་འཁྲུལ་བ། ལུང་གི་རིམ་པ་སྣང་གསུམ་གྱི་སྐབས་བླ་མ་བརྒྱུད་པའི་རྣམ་ཐར་ཚང་བ། སྔགས་ལམ་ཚུགས་ནས་ལམ་འབྲས་གླེགས་བམ་པོད་སེར། ལས་དང་པོ་པའི་ཆོས་སྣ་བདུན་དང་བཅས་པ། གླེགས་བམ་པོད་དམར། པོད་ཁྲ། པོད་ནག །མངོན་རྟོགས་ལུས་དཀྱིལ། དཀྱིལ་ཆོག་བྱ་བྲལ་མ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་ལྷན་ཐབས་སློབ་བཤད་ལ་དགོས་པ་ཆ་ཚང༌། བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མ་ཡིན་པ། རྣལ་འབྱོར་དབང་ཕྱུག་གི་བསྲུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བྱིན་རླབས། བླ་མ་རིན་འབྱུང༌། ཚར་གསུམ་ཁུག་པ། བརྡ་དོན་གསལ་བ། བརྡ་ཆིག་བརྒྱུད། སྒྲུབ་པ་ལུང་སྦྱིན། གསང་བཅུའི་རྒྱས་གདབ། རྟེན་འབྲེལ་གྱི་བྱིན་རླབས། མགོན་རྐྱང་གི་རྗེས་གནང་གི་བར་ཆ་ལག་ཡོངས་སུ་རྫོགས་པ་ཟླ་བ་ཕྱེད་བཞིའི་བར་དུ་སྩལ། དེ་མཐུན་ཤོད་ཀྱི་ཚོགས་བཤད་ཀྱང་གྲོལ། གཙོ་བོར་གསུང་ངག་རིན་པོ་ཆེ་དང་བར་གསེང་ཐམས་ཅད་དུ་གསང་བ་འདུས་པ་ལུགས་གསུམ། བདེ་མཆོག་ལཱུ་ནག་དྲིལ་གསུམ། བོང་ཞལ་ཅན། མཁའ་འགྲོ་རྒྱ་མཚོ་སོགས་དང༌། འཇིགས་བྱེད། གཤེད་དམར་ལུགས་གཉིས་སོགས་ཟུར་བཀའི་རིགས་ཀྱང་དཔག་མེད་སྩལ། གྲངས་བཅད་འདི་ཐམས་ཅད་ལ་བདག་ངེས་པར་ཚུད་པ་བཀའ་དྲིན་བསྐྱངས་པར་འགའ་རེ་ནས་ཕྲག་དོག་གི་རྣམ་པ་བྱེད་མཁན་ཡང་བྱུང་སོང་རུང་རྗེ་བླ་མ་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེས་ཐ་ཆུང་བདག་གིས་ད་ལྟའི་ལན་སྐྱེལ་བ་འདི་ལྟ་བུ་འབྱུང་བ་ལ་དགོངས་པར་སྣང༌། གསུང་ངག་གྲོལ་ནས་སྐུ་ཞབས་སུ་འབོད་པ་གནང༌། རེ་ཞིག་འགྲོའམ་