[A:༤༧༦]གཞོན་ཡང་མཚམས་གཡོག་སོགས་བྱ་ནན་པར་ཡོད། ཡང་དེ་ཀའི་སྟོན་དཔལ་རྒྱུན་གྱི་དབང་པོའི་ཆོས་གྲྭ་ཆེན་པོར་ཕྱིན། བླ་བྲང་དུ་སླེབས། སྐུ་ཞབས་སུ་ཤོག་གནང་བར་ཕྱག་རྟེན་གྱ་ནོམ་པ་དང་བཅས་མཇལ་མ་ཐག་སྔར་བས་ཀྱང་དད་པ་ལྷག་པར་འཕེལ། གསུང་གླེང་འཇམ་ཞིང་བག་ཕེབ་པ་ཡུན་རིང་པོའི་བར་དུ་སྩལ་བས་རེ་ཞིག་རྣམ་རྟོག་རགས་པ་ཐམས་ཅད་འགགས་ནས་བདེ་ཆམ་པར་གྱུར། བཀའ་ལས། ད་རེ་ཞིག་བླ་བྲང་རང་དུ་བཞུགས། ཆས་ཁའི་སྤྲོ་བསྡུ་སོགས་ཀྱང་མི་འཚལ། ཆོས་ཀྱང་ཞོར་ཞོར་དུ་འོང་གནང་བས་དགའ་བ་དང་སྤྲོ་བ་སྟབས་ཅིག་ཏུ་འཕེལ་བར་གྱུར། འདི་ནས་བཟུང་ཆུ་སྤྲེའི་བར་ལོ་བཅུ་གསུམ་གྱི་རིང་ཟླ་བ་རེ་གཉིས་མ་གཏོགས་རྗེ་བླ་མའི་ཞབས་པད་དང་མི་འབྲལ་བར་བཅར། རྗེ་བཙུན་མི་ལའི་ཞལ་ནས། ནོར་ཟང་ཟིང་གི་འབུལ་བ་མ་མཆིས་ཀྱང༌། སྒྱུ་ལུས་ཀྱི་ཞབས་ཏོག་རྡུལ་དུ་བརླག །ཅེས་གསུངས་པ་ལྟར་ཟང་ཟིང་གི་ཞབས་ཏོག་རྒྱ་ཆེར་མ་འགྲུབ་མོད། རྗེ་འདི་ཉིད་སྤྱིར་ཟང་ཟིང་ལ་མ་ལྟོས་པའི་ཐམས་ཅད་ལ་ཉེ་སྙོམས་པ་བྱང་སེམས་ཀྱི་མཚན་ཉིད་དང་ལྡན་ངེས་ཡིན་པར་མ་ཟད། ཁྱད་པར་བདག་ལ་ཤིན་ཏུ་ཐུགས་བརྩེ་བར་ཡོད། ལུགས་གཉིས་ཀ་ནས་མཆོག་ཏུ་བཀའ་དྲིན་ཆེ་བར་བསྐྱངས། དེའི་ལོ་སྟོན་མཇུག་ནས་ནཱ་ལེནྡྲར་ཚོགས་པར་གསུང་ངག་ཚོགས་བཤད་རྒྱས་པ་རྒྱབ་བརྟེན་ལུང་བཅས་ཚང་བར་སྩལ། དགུན་རྗེ་བླ་མ་ཅུང་ཟད་སྐུ་ལྟེམ་པའི་ཚུལ་བསྟན་པར་སྐུ་རིམ་སོགས་ཚར་གྲུལ་ཆེ་བར་གནང་བས་ཟླ་བ་གཉིས་ཙམ་ལ་སྐུ་དྭངས། ཕྱོགས་ཀྱི་འདུས་པ་མང་དག་ལ་དམ་པའི་ཆོས་ཀྱི་དགའ་སྟོན་དཔག་མེད་སྩལ། དེ་ལོ་དབྱར་གྱི་རིང་ལྗགས་ལུང་གི་རིགས་ཤིན་ཏུ་མང་བ་བརྩེ་བས་བསྐྱངས། དེའི་སྟོན་མཇུག་ཀྱང་ཕྱོགས་