R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༧
[A:༤༧༧]འདུས་དང་གཉུག་མར་གནས་པ་བཅས་ལྔ་བརྒྱ་ཙམ་ལ་གསུང་ངག་ཚོགས་བཤད་མཛེས་རྒྱན་གྱི་སྟེང་ནས་ཤིན་ཏུ་སྨིན་པ་རྒྱབ་བརྟེན་གྱི་ལུང༌། བྱིན་རླབས་རགས་བསྡུས་བཅས་རྒྱས་པར་སྩལ། དེའི་དགུན་གྱི་བར་རྗེས་གནང་ཟུར་བཀའི་རིགས་མང་བ་དང༌། ས་སྐྱའི་བཀའ་འབུམ་གྱི་ལུང་རྫོགས་པར་གནང༌། དེ་ནས་སོས་སློབ་དཔོན་ཨ་བྷ་ཡའི་བཞེད་སྲོལ་རྡོ་རྗེ་ཕྲེང་བ་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བཅས་དཀྱིལ་འཁོར་ཞེ་ལྔའི་དབང་བསྐུར་ཕྱག་ལེན་གཙང་མའི་སྒོ་ནས་གནང་ཞིང༌། རྒྱབ་ཆོས་སུ་ཕྲེང་བ་སྐོར་གསུམ་གྱི་དཀྱིལ་ཆོག་རྡོར་ཕྲེང་མཛེས་རྒྱན་གྱི་ལུང་བཅས་བཀའ་དྲིན་བསྐྱངས་ཤིང༌། དེའི་ཕྱི་ལོ་བདག་རང་ལོ་ཉི་ཤུ་རྩ་དགུར་སླེབས་པ་ཆུ་ཕོ་ཁྱི་ལོར་ད་ལྟའི་ཞབས་དྲུང་གདུང་བརྒྱུད་ངག་དབང་མཁྱེན་བརྩེ་རབ་བརྟན་དགུང་ལོ་བདུན་བཞེས་པའི་ཐུགས་གཉེར་ཞབས་བསྐུལ་ཞུ་དགོས་ཚུལ་ཕེབ་པའི་བཀའ་ནན་ལྡོག་མ་ནུས་པར་རེ་ཞིག་བར་དགོངས་པ་ལྟར་ཞུ་ཞུས་ནས་ལོ་བདུན་གྱི་བར་ཞབས་བསྐུལ་ཞུས། དེ་ནས་ལོ་འདི་ནང་དུའང་གསུང་ངག་ཚོགས་བཤད་འབྲིང་པོ་ཞིག་སྩལ། བྱི་གླང་གཉིས་སུ་འཕན་ཡུལ་གཞུང་དང་ནཱ་ལེནྡྲར་འབྲུམ་པ་མཆེད་སྟབས་དབོན་རིན་པོ་ཆེའི་ཞབས་ཕྱིར་མངའ་ཞབས་སུ་ཐོ་བཙུན་གནང་བའི་བཙུན་ཆུང་བཅུ་གསུམ་དང་བཅས་བཤེས་གཉེན་འབྲོམ་སྟོན་པ་དང་སྐུ་མཆེད་གསུམ་གྱི་ཞབས་ཀྱིས་བཅགས་པའི་བསམ་འགྲུབ་རི་མཁར་ཞེས་ད་ལྟ་མཁར་གདོང་དུ་གྲགས་པའི་རྫོང་ཆུང་ཞིག་ཡོད་པ་དེར་འབྲུམ་འཛེམས་གཅད་རྒྱ་གནང༌། དེ་ནས་ཐོ་བཙུན་རྣམས་སོ་སོར་བཀྱེ་སྟེ་ངེད་དཔོན་སློབ་གསུམ་གྱིས་ལོ་ཕྱེད་གཉིས་ཙམ་གྱི་བར་བསྙེན་མཚམས་དམ་པར་གནང་བའི་བདག་གིས་གཤེད་དམར། འཇིགས་བྱེད།