R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༥
[A:༤༧༥]སྡོད་བཀའ་ཕེབ་པར། ད་ལམ་རྒྱུན་ཡང་ལོ་གཅིག་ལྷག་པར་སོང་གཤིས་ཕ་མ་གཉིས་འཕྲད་པ་སོགས་ཀྱི་སྟབས་ནས་དགོངས་པ་ཞུས། སླར་མི་འགྱང་བར་སྐུ་ཞབས་སུ་འོང་ཆོག་པ་དང༌། དོན་གྱི་གཙོ་བོ་གསུང་ངག་ཚོགས་བཤད་དང༌། རྡོ་རྗེ་རྣལ་འབྱོར་མའི་བཀའ་ཁྲིད་སོགས་ཐུགས་རྩ་ནས་མི་འདོར་བ་ཅིས་ཀྱང་མཁྱེན་མཁྱེན་ཞུས། ཞབས་སྤྱི་བོར་བཀོད་པའི་ཕྱག་ཕུལ་བས། ཞལ་འཛུམ་པ་དང་བཅས་ཤིན་ཏུ་འོང་བས་རེ་ཞིག་ཕེབ་པ་གནང་ཀྱང༌། ཡུན་རིང་པོར་མི་འགོར་བར་ཕེབ་དགོས་པ་འདུག་པས་ཅིས་ཀྱང་ཐུགས་ལ་གཞུག་དགོས་ཞེས་ཤིན་ཏུ་དགྱེས་པའི་གསུང་དང་བཅས་འཕགས་པའི་ཐུགས་དམ་རྟེན་གུར་མགོན་རྒྱ་ནག་མ་མགོར་འཇོག་པ་གནང་བས་བཀའ་བསྒོ་ཤིན་ཏུ་རྒྱས་པ་གནང༌། བདག་གྲོགས་མཆེད་རྣམས་ཀྱི་མིག་མཆི་ མས་གང་བཞིན་དུ་འབྲལ་མི་ཕོད་པའི་ཚུལ་དུ་ཕྱི་འགྲོས་ཀྱིས་འོངས་པས་གཟིམས་ཆུང་གི་སྒོ་རྒྱབ་ཏུ་སླེབས་དུས། བཀའ་ལས། ད་ལམ་འཁོར་ཙམ་ཕེབ། འདིའི་སྟོན་འཇུག་ཙམ་ལ་ལམ་འབྲས་ཚོགས་བཤད་ངེས་པར་འོང་པས་ཕེབ་པ་ཞུ་ཞེས་བཀའ་ཕེབ་བྱུང་བས་དགའ་བ་དང་སྐྱོ་བ་ལྷན་ཅིག་པར་དེ་ནུབ་སྡོད་གནས་སྟོང་ར་ཆོས་སྡེའི་བླ་བྲང་རྫོགས་ནུབ་ཏུ་བྱེད་ཡོད་པར་དེར་བསྡད། སང་ཉིན་ཤར་ལ་ཐོན་པས་ལ་ཆུ་སྒང་ནས་ཕྱག་མང་དུ་བཙལ། མྱུར་དུ་ཞལ་དཀྱིལ་མཇལ་བའི་སྨོན་ལམ་བཏབ་ནས་རང་གནས་སུ་ལོག །ཐོག་མར་ཕ་མ་དྲིན་ཅན་གཉིས་དང་མཇལ་བས་དགྱེས་ཚོར་དཔག་མེད་མཛད། ངལ་བསོ་དང་སྦྲགས་ཞག་ལྔ་དྲུག་བསྡད། དེ་ནས་དབེན་གནས་རྨོར་དགོན་དུ་ཕྱིན། ཆག་མེད་ཀྱི་རིམ་པ་བིར་སྲུང་མ་གཏོགས་ཐུན་བཞི་རེ་མ་ཆག་པ་དང༌། སྒྲུབ་མཆོད་ཀྱི་ཚོགས་ཀྱང་རྟག་པར་ཕྱིན། མཁའ་སྤྱོད་མའི་གཞི་བསྙེན་ཞིག་བགྱིས། བློ་གསལ་ན་