R192: རྨོར་ཆེན་ཀུན་དགའ་ལྷུན་གྲུབ་ཀྱི་རྣམ་ཐར་བློ་གསལ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༧༨
[A:༤༧༨] གུར་ཞལ་སོགས་ཀྱི་བསྙེན་པ་མཐར་ཕྱིན་པ་ཁ་སྐང་གི་སྦྱིན་སྲེག་དང་བཅས་པ་སོང༌། རྗེ་དབོན་རིན་པོ་ཆེས་ཀྱང་གཤེད་དམར་སོགས་མང་བར་སོང༌། རྗེ་བླ་མ་ཐུགས་བརྩེ་བའི་སྟབས་ཞག་བཅུ་སྐོར་རེ་ལ་ཆིབས་ཁ་ལན་རེ་བསྐྱོད་པས་བཞུགས་ཞག་ལྔ་དྲུག་རེ་བཞུགས་སྟན་འཇགས་རིང་རྗེས་གནང་དང་ལུང་གི་རིགས་རྒྱུན་དཀོན་ཞིང་སྔར་མ་གསན་པ་ཐམས་ཅད་རིམ་གྱིས་ཞབས་བསྐུལ་ཞུས་པ་ལྟར་དགྱེས་པའི་སྒོ་ནས་འཕྲལ་འཕྲལ་གནང༌། དེ་བར་དུ་རེས་འགའ་ནི་ནཱ་ལེནྡྲ་དང་ཡུམ་བཅས་པས་ཞབས་ཐོག་རྒྱས་པར་གནང་བས་ངེད་དཔོན་སློབ་ཐམས་ཅད་སྐྱིད་དུ་ཚོར་བའང་བྱུང༌། དབྱར་དུས་སུ་ནི་ཞོལ་གྱི་མི་སེར་ས་གཙང་ས་ནས་སྒོག་བཙོང་སོགས་བླངས་པའི་དཀའ་ཐུབ་སེ་བའང་དགོས་པ་བྱུང་ཞིང༌། འཇིག་རྟེན་པའི་ཁ་སྐད་ལ། དཔྱིད་ཀྱི་གནམ་ལ་གྲང་གསུམ་དྲོ་གསུམ་འོང་ཟེར་བ་དང་མཚུངས་པར་བྱུང༌། དབོན་རིན་པོ་ཆེའང་ངེད་རང་ལ་ཐུགས་བློ་ཕེབ་པས་ཐུགས་དམ་སོགས་མི་གནང་ཀྱང་ཤིན་ཏུ་སྐྱོ་བའང་བྱུང༌། འབྲུམ་ཐག་ཆོད་ནས་ནཱ་ལེནྡྲར་ཕེབ། དེ་ལོ་ཕ་སྟོང་ར་བ་ཆེན་པོའི་པོད་སྔོན་མ་སོར་བཞག་གི་སྟེང་ནས་ལམ་འབྲས་ཤིན་ཏུ་རྒྱས་པ་རྒྱབ་རྟེན་གྱི་ལུང་དང་བཅས་པ་གནང༌། བཀའ་ལས། ད་ལམ་གྱི་ལམ་འབྲས་འདི་ངེད་རང་སྒེར་གྱི་ཕ་ཆོས་ལྟ་བུ་ཕ་རྒན་རོང་སྟོན་ཆེན་པོ་དང༌། མཁས་གྲུབ་གུང་རུ་ཤེས་རབ་བཟང་པོ་སོགས་བརྒྱུད་པར་བཞུགས་པའི་འགངས་ཆེ་བ་རང་ཡིན་པས་དོ་གལ་བྱེད་དགོས། ཞེས་ཡང་ཡང་བསླབ་དོན་ཕེབ། དེ་ལོ་བདག་གིས་རྗེ་བླ་མ་མཁྱེན་རབ་བསྟན་འཛིན་བཟང་པོའི་རྣམ་ཐར་དང༌། རྗེ་བླ་མའི་གསན་ཡིག་སྒྲིག་པ་སོགས་ཀྱི་ཞབས་ཕྱི་ཞུས། དེ་ནས་ས་སྦྲུལ་རང་ལོ་སོ་དྲུག་པའི་དུས་གསང་ཕུའི་གླིང་སྨད་ཞབས་དྲུང་